ཟླ11པའི་ཚེས9ཉིན་ནི་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས35པ་ཡིན། བསྟུད་མར་ཉིན་ཤས་རིང་མཚོ་སྔོན་གྱི་ས་ཆ་སོ་སོས་དམངས་ཡོངས་ཀྱི་མེ་ཟོན་དང་ཚེ་སྲོག་བླ་ན་མེད་པ་སྟེ། རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་བརྗོད་དོན་ལ་དམ་པོར་དམིགས་ནས། སྣ་མང་རང་བཞིན་དང་དམངས་དང་འབྲེལ་བའི་མེ་ཟོན་བདེ་འཇགས་ཀྱི་དྲིལ་སྒྲོག་ལག་ལེན་བྱེད་སྒོ་སྤེལ་ཏེ། མེ་ཟོན་ཤེས་བྱ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱས།
ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་ཀྱིས་ཝང་ཅ་ཀྲོང་ཚོང་ཟོག་ཆུང་བའི་ཁྲོམ་རར་མེ་ཟོན་སློབ་ཁྲིད་རྩ་འཛུགས་བྱས་ཏེ། ཚོང་གཉེར་ཚོང་བ་དང་འགྲོ་འོང་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་དྲིལ་སྒྲོག་བྱེད་སྒོ་སྤེལ། ཡུལ་དངོས་སུ་མེ་དང་གློག་སྤྱོད་པའི་ཚན་རིག་ཤེས་བྱ་ཁྱབ་གདལ་དང་། མེ་སྐྱོན་ཉེན་བརྡའི་སློབ་གསོ། མེ་ཟོན་ལག་རྩལ་གྱི་ལག་ལེན་དངོས་སྦྱོང་། འཕྲལ་སྡོམ་ཁ་གཏོར་གྱི་སྦྱོང་བརྡར་སོགས་བྱེད་སྒོ་སྤེལ་ཞིང་། གཞུང་ལུགས་འགྲེལ་བཤད་དང་དངོས་འཐབ་སྦྱོང་བརྡར་མཉམ་འདྲེས་ཀྱི་རྣམ་པ་བརྒྱུད་དེ། མང་ཚོགས་ལ་རང་ཉིད་ཀྱི་དངོས་སུ་ལག་ལེན་དང་བྱངས་སིམ་རྣམ་པས་ཉམས་ལེན་ཁྲོད་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཐོག་མའི་མེ་སྐྱོན་སེལ་བ། རང་སྐྱོབ་དང་ཕན་ཚུན་སྐྱོབ་པའི་ལྟེ་བའི་མེ་ཟོན་རྩལ་ནུས་ཁོང་དུ་ཆུད་པར་བྱས།
ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་མེ་ཟོན་བདེ་འཇགས་དྲིལ་སྒྲོག་བྱེད་སྒོའི་ཡུལ་དངོས་སུ་ཉམས་ལེན་ཁུལ་མང་བོ་བཀོད་སྒྲིག་བྱས་ཡོད་ཅིང་། མེ་ཟོན་པས་ཆེད་ལས་མཛུབ་སྟོན་དང་མང་ཚོགས་ཀྱིས་དངོས་སུ་ལག་ལེན་བྱེད་པ་དང་དངོས་སྤྱོད་ཀྱི་རྒྱུན་ལྡན་མེ་ཟོན་རྩལ་ནུས་ལ་ཐེ་ཀར་དུ་སློབ་སྦྱོང་བྱེད་པ་སོགས་འདུ། དེ་དང་མཉམ་དུ་སྒེར་ཚུགས་རྣམ་པའི་དུ་བ་ཚོར་བྱེད་འཕྲུལ་ཆས་སྟེར་བའི་བྱེད་སྒོ་སྤེལ་ཏེ། མཁྲེགས་ཆས་ཀྱིས་གྲོང་གསེབ་མེ་ཟོན་གྱི་ཞན་ཆ་འགན་སྲུང་དང་ཁ་གསབ་བྱས།
ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་གྱི་སྡོད་མི་དབྱང་ཧྲུན་ཁྲེང་གིས་བཤད་རྒྱུར། འདི་ལྟ་བུའི་བྱེད་སྒོ་དངོས་ནས་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་དུས་རྒྱུན་ངེས་པར་དུ་མེ་ཟོན་བདེ་འཇགས་ལ་དོ་སྣང་བྱེད་དགོས་ཟེར།
མཚོ་བྱང་ཁུལ་མིན་ཡོན་རྫོང་མེ་ཟོན་རོགས་སྐྱོབ་ལས་ཁུངས་ཞང་དང་གྲོང་རྡལ། སྡེ་བ། སློབ་གྲྭ་ཆུང་འབྲིང་དུ་བསྐྱོད་དེ་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སློབ་རའི་མེ་ཟོན་དངོས་སྦྱོང་གི་སློབ་ཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་ནས། གོ་བདེ་ཞིང་རྟོགས་སླ་བའི་སྒོ་ནས་མེ་འགོག་གི་ཤེས་བྱ་དང་ཉེར་སྤྱོད་ཀྱི་ཉེན་གཡོལ་རྩལ་ནུས་མང་ཚོགས་ཀྱི་གམ་དུ་སྐྱེལ་ཏེ། ཕྱོགས་ཡོངས་ནས་གཞི་རིམ་མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་བ་ཇེ་མཐོར་བཏང་།
མཚོ་བྱང་ཁུལ་མིན་ཡོན་རྫོང་ཅིན་ཞིའུ་ལམ་ཆེན་གྱི་མེ་ཟོན་རོགས་སྐྱོབ་ས་ཚིགས་ཀྱི་འགོ་གཙོ། ལིའུ་ཧའེ་ཉན་གྱིས་བཤད་རྒྱུར། ཚང་མར་དྲན་སྐུལ་བྱ་རྒྱུ་ནི་སྒོ་ཕྱི་རུ་སྒྲིག་འགལ་གྱི་མེ་བཀོལ་བ་གཏན་འགོག་བྱེད་དགོས་ལ། རྩྭ་ཕུང་དེ་ཁང་བ་དང་གློག་སྐུད་ལས་ཐག་རིང་སར་བཞག་ནས་ཚད་ལྡན་ངང་ཉར་ཚགས་བྱེད་དགོས་ཟེར།
མཚོ་ནུབ་ཁུལ་གྱིས་གཞིས་ལས་ཞབས་ཞུ་ལས་རིགས་ཀྱི་མེ་ཟོན་རྩལ་ནུས་དངོས་འཐབ་འགྲན་སྡུར་དང་ཁྱིམ་གྱི་རྒྱུན་མཐོང་མེ་སྐྱོན་མངོན་མེད་རྐྱེན་ངན། དེ་བཞིན་མེ་སྐྱོན་འབྱུང་རྐྱེན་གྱི་དངོས་ཡོད་དཔེ་སྟོན་སོགས་ཁྱད་ལྡན་བྱེད་སྒོ་བརྒྱུད་དེ། རྒྱ་ཆེའི་གྲོང་མི་རྣམས་ལ་སྤྲོ་སྣང་ལྡན་པའི་འབྲེལ་འདྲིས་དང་ཐད་ཀར་མཐོང་ཐུབ་པའི་ཉམས་ལེན་ཁྲོད་མེ་འགོག་རང་བཤེར་དང་མེ་སྐྱོན་ཉེན་བརྡ། འཕྲལ་སྡོམ་བྲོས་བྱོལ། ཐོག་མའི་མེ་ཟོན་སོགས་མེ་ཟོན་རྩལ་ནུས་ལ་སློབ་སྦྱོང་བྱེད་དུ་བཅུག་ནས། མུ་མཐུད་དུ་དམངས་ཡོངས་ཀྱིས་མེ་ཟོན་སློབ་པ་དང་མེ་ཟོན་རྟོགས་པ། བདེ་འཇགས་སྲུང་བའི་ཁོར་ཡུག་བཟང་བོ་བསྐྲུན།
མཚོ་ཤར་གྲོང་ཁྱེར་གྱི2026ལོའི་མེ་ཟོན་དྲིལ་སྒྲོག་ཟླ་བ་དེ་ལའོ་ཏུའུ་ཆུས་སུ་འགོ་བརྩམས། ཡུལ་དངོས་སུ་སྒྲིག་ཆས་འགྲེམས་སྟོན་དང་འཕྲལ་སྡོམ་ཉམས་ལེན། འཚོལ་སྐྱོབ་ཁྱིའི་འཁྲབ་སྟོན་སོགས་བྱེད་སྒོ་སྤེལ་ཞིང་། རྩེད་མོ་དང་སློབ་གསོ་ཟུང་འབྲེལ་གྱིས་མེ་ཟོན་ཤེས་བྱ་ཁྱབ་གདལ་བཏང་པ་དང་། མང་ཚོགས་ཀྱི་རང་སྲུང་རང་སྐྱོབ་ནུས་པ་ཇེ་མཐོར་གཏོང་བར་ཁྲིད་སྟོན་བྱས།