མཚོ་སྔོན་ཞིང་ཆེན་གསར་འགྱུར་འཐབ་ཕྱོགས་ཀྱི“གསར་འགོད་པ་བཟང་པོས་གཏམ་རྒྱུད་ཡག་པོ་འཆད”ཅེས་པའི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་མཐོ་རིམ་སློབ་ཆེན་དུ་སྤེལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས28ཉིན་ནས་ཚེས30ཉིན་བར་དུ། ཞིང་ཆེན་ལྟེ་གནས་ཀྱི་སྨྱན་སྦྱོར་སོ་སོ་ནས་ཡོང་བའི་འཐབ་ཕྱོགས་དང་པོའི་གསར་འགོད་པ5སྔ་རྗེས་སུ་མཚོ་སྔོན་རང་བྱུང་རིག་པའི་ཟོ་སྐྲུན་སློབ་གླིང་དང་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དུ་བསྐྱོད་དེ། མཚོ་སྔོན་ཟིན་ཐོའི་འཆད་ཁྲིད། མཚོ་སྔོན་ཞིང་ཆེན་གསར་འགྱུར་འཐབ་ཕྱོགས་ཀྱི“གསར་འགོད་པ་བཟང་པོས་གཏམ་རྒྱུད་ཡག་པོ་འཆད”ཅེས་པའི་སྐོར་སྐྱོད་འཆད་ཁྲིད་བྱེད་སྒོ་སྤེལ་ནས། འཐབ་ཕྱོགས་དང་པོ་རུ་བཅར་འདྲིར་སོང་བའི་གཏམ་རྒྱུད་གསོན་པོ་དགེ་སློབ་ཚོའི་ཉེ་འགྲམ་དུ་བསྐྱལ།

མཚོ་སྔོན་རང་བྱུང་རིག་པའི་བཟོ་སྐྲུན་སློབ་གླིང་དུ། སྐོར་སྐྱོད་འཆད་ཁྲིད་བདམས་ཐོན་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་སུ་བཅར་འདྲི་བྱས་པའི་དངོས་བརྒྱུད་ཀྱི་མྱོང་བ་དང་མཐོང་ཐོས་སྐོར་བཤད།  ས་འདམ་གྱི་དྲི་ངད་མ་ཡལ་བའི་སྐྱེ་ཁམས་ཀྱི་གཏམ་རྒྱུད་དང་བརྟན་སྲུང་གི་གཏམ་རྒྱུད་དེ་དག་ལས། དེ་གར་ཡོད་པའི་དགེ་སློབ་ཚོར་མཐོ་སྒང་གི་སྲུང་སྐྱོང་བྱེད་མཁན་གྱི་སྤྱིར་བཏང་དང་སྤྱིར་བཏང་མིན་པའི་འཚོ་བ་མྱོང་ཐུབ་པར་བྱས།

མཚོ་སྔོན་རང་བྱུང་རིག་པའི་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཧྥན་ཅ་ཉིང་གིས་བཤད་རྒྱུར། གསར་འགོད་པ་ཚོས་མཐོ་སྒང་གི་གཞི་རིམ་དུ་རྩ་བ་ཚུགས་པར་བྱས་ཏེ། བརྙན་མིག་དང་ཡི་གེའི་ལམ་ནས་དུས་རབས་ཟིན་ཐོར་བཀོད་པ་དང་། དྲོད་ཁོལ་བརྒྱུད་སྤྲོད་བྱས་པར་མ་ཟད། སློབ་གྲོགས་ཚོར་གསོན་ཉམས་ལྡན་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་བྱས། ངའི་རེ་བ་ཡིན་ན། སློབ་གྲོགས་ཚོས་དོན་དངོས་ཀྱི་གཏམ་རྒྱུད་འདི་དག་གི་ཁྲོད་ནས་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་ཟབ་དུ་གཏོང་བ་དང་། འགན་འཁྲི་དང་ཁག་ཁུར་གྱི་འདུ་ཤེས་བཅངས་ཏེ། ཕ་ཡུལ་འཛུགས་སྐྲུན་དང་མེས་རྒྱལ་ལ་དྲིན་ལན་འཇལ་བའི་སྤྱོད་སྒོ་ཅན་གྱི་འཇོན་མི་ཞིག་ཏུ་འགྱུར་བར་རེ་ལྟོས་ཆེ་ཟེར།

མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དུ་གསར་འགོད་པ་ཚོས་གསོན་ཉམས་ལྡན་པའི་གཏམ་རྒྱུད་རེ་རེ་བཞིན་བཤད་པ་བརྒྱུད། གཞོན་ནུ་སློབ་མ་ཚོར་ཕ་ཡུལ་ལ་ཡང་བསྐྱར་ངོས་འཛིན་བྱེད་སའི་མཐོང་སྣེ་གསར་པ་ཕྱེས། མཚོ་སྔོན་ལ་མིག་མདུན་གྱི་མཛེས་ལྗོངས་ལས་གཞན། མི་ཕལ་བ་གྲངས་ལས་འདས་པ་ཞིག་གི་འབད་འཐབ་ཀྱི་རྗེས་ཤུལ་ཀྱང་ཡོད།

ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་ཆི་ཨའོ་ཧོན་གྱིས་བཤད་རྒྱུར། ཕ་ཡུལ་དུ་མི་ཕལ་བ་མང་པོ་ཞིག་གིས་འབད་འཐབ་བྱས་པའི་གཏམ་རྒྱུད་སྦས་ཡོད། རང་ཉིད་ན་གཞོན་སློབ་མ་ཞིག་ཡིན་པའི་ངོས་ནས། ང་ཚོ་ཡང་ཕ་ཡུལ་གྱི་ལྟ་ཞིབ་པ་ཡིན། མ་འོངས་པར་ངས་མཚོ་སྔོན་ལ་རྒྱུས་ལོན་མང་ཙམ་བྱེད་པ་དང་ཉེ་འཁོར་གྱི་གཏམ་རྒྱུད་ངོ་མ་ཟིན་ཐོར་འགོད་རྒྱུ་ཡིན་ཟེར།

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པ་ཀྲའོ་ཅུས་ཁྲང་གིས་བཤད་རྒྱུར། དེ་རིང་སློབ་གྲྭར་སྐོར་སྐྱོད་འཆད་ཁྲིད་བྱེད་པར་བསྐྱོད་ནས་གཞི་རིམ་གྱི་གཏམ་རྒྱུད་སློབ་ཁང་ནང་ནས་བཤད་དེ། སློབ་གྲོགས་ཚོ་དང་འཐབ་ཕྱོགས་དང་པོའི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱེད་དོན་ནི། ཚང་མར་མི་དང་འཚོ་བ་ངོ་མ་མཐོང་དུ་འཇུག་ཆེད་ཡིན། གསར་འགྱུར་ལ་མི་སེམས་ཀྱི་དྲོད་ཁོལ་ལྡན་པ་དང་གཏམ་རྒྱུད་ཤོད་རྒྱུ་དེའང་བརྒྱུད་སྤྲོད་ཀྱི་འགན་འཁྲི་ཞིག་ཡིན་པས། དྲོད་ཁོལ་དེས་གཞོན་ནུ་ཚོའི་སེམས་པ་རྨང་ནས་སྒུལ་ཏེ། ཚང་མས་ཉེ་འཁོར་གྱི་དོན་དག་ཆེ་མ་ཆུང་གསུམ་ལ་དོ་ཁུར་བྱེད་པ་དང་། མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་གི་དམངས་འཚོའི་གཏམ་རྒྱུད་ཤེས་སུ་འཇུག་པར་སྣེ་ཁྲིད་ཐུབ་རྒྱུའི་རེ་ལྟོས་ཆེ་ཟེར།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།