དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

བསྟུད་མར་ཉིན་ཤས་རིང་། ཀྲུང་དབྱང་དོ་དམ་ཁེ་ལས་དང་། ཀྲུང་དབྱང་དོ་དམ་དངུལ་རྩའི་ཁེ་ལས། ཀྲུང་དབྱང་དོ་དམ་མཐོ་སློབ་བཅས་ཀྱི་ལས་བྱེད་མི་སྣས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ནན་མོ་བྱས། ཚང་མས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན་》ནང་བསྟན་དོན། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་དེས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་ཡུལ་ཁམས་གསར་པ་བཏོད་དེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་ཡོད་ལ། ཏང་དང་མི་དམངས་ལ་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ་ཡོད།  

ཚང་མས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་བླངས་པའི་རླབས་ཆེན་གྱི་གྲུབ་འབྲས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་ར་སྤྲོད་གང་ལེགས་བྱས་ཡོད།

ཀྲུང་གོ་ཞིང་ལས་དངུལ་ཁང་ཞིང་གསུམ་གཞུང་དོན་ལས་སྒོ་པུའུ་ཡི་སྤྱི་གཉེར་པ་ཞིན་ཧྥིན་ཆིན་གྱིས་བཤད་རྒྱུར། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བར་གྲུབ་འབྲས་རླབས་ཆེན་ཐོབ་ཡོད། རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྣེ་ཁྲིད་ཁ་ཕྱོགས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་ཐུག་ཡོད། ང་ཚོས་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་ཟེར། 

ཀྲུང་གོ་ཀོང་ཏུང་ཉིང་རྡུལ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་གཉེར་བ་ཕང་སུང་ཐའོ་ཡིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་རྒྱུན་མཐུད་ངང་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ཡིན་ལ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ། ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་ཁེ་ལས་གོང་དུ་སྤེལ་བའི་དགེ་མཚན་དུ་བསྒྱུར་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས་ཟེར།

ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པར་མུ་མཐུད་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད། ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྩ་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུར་མུ་མཐུད་ཤུགས་བསྣན་ནས།《ཆོད་དོན》གྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ཡོད།

ཀྲུང་གོ་མི་དམངས་སློབ་ཆེན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་འཇུག་ཁང་གི་འགོ་གཙོ་ཆིན་ཞོན་གྱིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་དེབ་ཏུ་འགོད་པ་དང་། སློབ་ཁང་དུ་ཁྲིད་པ། སེམས་སུ་འཇགས་པ་བཅས་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ལ། ན་གཞོན་སློབ་མ་རྣམས་ལ་རང་ཉིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་རྒྱུའི་ཁྲིད་སྟོན་བྱས་ཏེ། རང་རྟོགས་ཀྱི་སྒོ་ནས་སྒེར་གྱི་ཕུགས་བསམ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཟུང་འབྲེལ་དམ་པོ་བྱ་དགོས་ཟེར།

ཀྲུང་གོ་རོན་ཐུང་མ་རྩ་དོ་དམ་སྡེ་ཚོགས་ཚད་ཡོད་ཀུང་སིའི་ཏང་དང་མང་ཚོགས་ལས་དོན་པུའུ་ཡི་ཀྲུའུ་རེན་ཁྲའེ་རུའེ་ཧྲིན་གྱིས་བཤད་རྒྱུར། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་དགོས། བླང་བྱ་ནན་མོ་དེ་འགན་གཙོ་བོའི་ནང་བཅུག་ནས། ཚད་གཞི་དངོས་གཞི་རིམ་གྱི་ཡུལ་དངོས་སུ་དོན་འཁྱོལ་བྱས་ཏེ། ཏང་འཛུགས་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གོ་ལྕགས་ལམ་ཏང་འཛུགས་ལས་དོན་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲང་ཞན་ཕིན་གྱིས་བཤད་རྒྱུར། ང་ཚོས་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་བོ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཡོན་ལས་བྱེད་པར་བཟོ་སྐྲུན་གལ་ཆེན་འཛུགས་སྐྲུན་དང་། གནད་འགག་དང་སྲོག་ཤིང་ལག་རྩལ་གྱི་འགག་གནད་སྒྲོལ་བ། འཕྲལ་བསྟུན་ཉེན་སེལ་དང་རོགས་སྐྱོབ་སོགས་ཛ་དྲག་ཆེ་ལ་ཉེན་ཁ་ཆེ་བའི་ལས་འགན་སྒྲུབ་སྐབས་འགན་འཁུར་ཕོད་པ་དང་སྔོན་དུ་གདོང་མཆོང་བྱེད་པར་སྐུལ་མ་གཏོང་བ། རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་སྟེང་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་མ་གཏོང་དགོས་ཟེར།

ཚང་མས་བསྟན་དོན། རྒྱལ་ཡོངས་གོང་འོག་ཚང་མས་འབད་འབུངས་ཡར་བརྩོན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགག་གནད་གལ་ཆེན་དུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་འཐབ་ཇུས་བཀོད་སྒྲིག་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པའི་དོན་དངོས་བྱ་སྤྱོད་དུ་བསྒྱུར་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།

ཀྲུང་གོ་དངུལ་ཁང་ཉོ་ཚོང་དངུལ་ཁང་དང་གཏོང་སྤྲོད་གཙང་རྩིས་པུའུ་ཡི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི། སྤྱི་གཉེར་བ་ཀྲང་ཞིན་ཡོན་གྱིས་བཤད་རྒྱུར། ང་ཚོས་དགོངས་གཞི་ནན་མོ་རྒྱུན་འཁྱོངས་བྱས་ཏེ། དངོས་གནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་མཁན་གྱི་ལག་ལེན་པ་བཟང་བོ་བྱེད་པ་དང་། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས། རྒྱལ་ཁབ་ཀྱི་ཕྱི་འབྲེལ་དཔལ་འབྱོར་ཉོ་ཚོང་གི་ཁྱོན་ཡོངས་ལ་ཞབས་འདེགས་སྔར་ལས་ལྷག་པར་བྱེད་པ་དང་། གཞི་གཅིག་ཅན་གྱི་གཉེར་སྐྱོང་ནུས་པ་སྔར་བས་ཆེ་རུ་བཏང་ནས། ཁེ་ལས་ཀྱི་རྒྱལ་སྤྱིའི་བསྡོམས་རྩིས་དང་རྒྱལ་ཁོངས་ལས་བརྒལ་བའི་མི་དམངས་ཤོག་སྒོར་གྱི་བསྡོམས་རྩིས་རྒྱག་པའི་དངུལ་རྩའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས་ཟེར།

ཀྲུང་གོ་ཧྭ་ནན་སྡེ་ཚོགས་ཚད་ཡོད་ཀུང་སི་ཧྭ་པེ་ཡན་ལག་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། ལག་བསྟར་རྐང་གཉེར་དབུ་གཙོ་ལུའོ་ཁྲུའུ་ཝུན་གྱིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ང་ཚོས་གཟབ་ནན་གྱི་ཕན་འབྲས་དེ་སྒྲུབ་པའི་གཏིང་ཤུགས་སུ་བསྒྱུར་རྒྱུ་ཡིན། བདེ་འཇགས་འགན་ལེན་དང་དམངས་འཚོ་འགན་ལེན། དྲོད་ཚད་མཁོ་འདོན་འགན་ལེན་བཅས་བྱ་རྒྱུ་དེ་གོ་གནས་དང་པོར་བཞག་ནས། འགག་རྩའི་དུས་སུ་ཐེག་ཐུབ་པ་དང་བརྟན་པོ་བྱེད་ཐུབ་པ། མཁོ་འདོན་འདང་ངེས་ཐུབ་པ་བཅས་བྱས་ཏེ། བློས་འགེལ་ཆོག་པའི་ནུས་ཁུངས་མཁོ་འདོན་ཐུབ་པར་བྱ་དགོས་ལ། རྣམ་པ་གསར་བའི་ནུས་ཁུངས་མ་ལག་དང་ནུས་ཁུངས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་ཟེར།

པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ། སྒྲིག་བཤེར་ལྟ་ཞིབ་སྒྲིག་གཞིའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཀྲོའུ་པོ་ཡིས་བཤད་རྒྱུར། པེ་ཅིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོ་ནི་ཡན་ཨན་ནས་ཡོང་བའི་སློབ་གྲྭ་ཆེན་མོ་ཡིན། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ལས་འགན་ཕྲག་ཏུ་འཁུར་ཡོད་པས། ང་ཚོས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་གཅིག་གྱུར་འཆར་འགོད་ཀྱིས་འཐབ་ཇུས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་ཡིན་ལ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱས་ཏེ། རྒྱུགས་སྤྲོད་ལམ་བུ་གསར་པའི་ཐོག་སྔར་ལས་ཕུལ་བྱུང་གི་རྒྱུགས་ལན་སྤྲོད་དགོས་ཟེར།   

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།