མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས6ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་བཤད་ཚོགས་པའི་སྙན་ཞུའི་ཚོགས་འདུ་མཇུག་བསྒྲིལ་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ནས་བསམ་ཚུལ་བརྗེ་རེས་དང་ཞིབ་འཇུག་གྲོས་བསྡུར་བྱས། 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་པ་མ་ཟད་གཏམ་བཤད་དེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷད་མེད་ཀྱིས་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་དང་། འཐབ་ཇུས་ལས་འགན། བྱེད་ཐབས་གལ་ཆེན་བཅས་ཁོང་དུ་ཆུད་པར་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཚོ་སྔོན་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག ཀྲུའུ་ཀི་ཡུས་ཅེ་དང་། མགོན་པོ་བཀྲ་ཤིས། དབྱང་ཧྥུན་ཁྲུན། ལིའུ་མེ་ཕིན། ཝང་ཝེ་ཏུང་། ཀྲང་ཅིན་ཀང་། ཝུའུ་ལ་ཙི་པེ་ཁོ·རེ་སུའུ་ལི་ཧན། པད་གོ ཀྲུའུ་ཞང་ཧྥིན་སོགས་ཀྱིས་རེ་རེ་བཞིན་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་པ་དང་། ཞིང་ཆེན་རིམ་པའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ནི་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།    ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་གཏན་ཚིགས་དང་། རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། ནམ་ཡང་ལམ་དུ་ཡོད་པའི་རིག་པ་དྭངས་གསལ་གྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཆེ་རུ་གཏོང་དགོས་ལ། ཧུར་བརྩོན་རྒྱལ་སྐྱོང་དང་ཤུགས་སྐྱེད་སྟོབས་སྤེལ་གྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པར་འཕེལ་རིམ་གསར་པ་བླངས་ཡོད།

ཚོགས་འདུ་ལས་ནན་གྱིས་བསྟན་དོན།    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་མིག་སྔར་དང་རྗེས་ཕྱོགས་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་དང་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ཡག་པོ་དང་མིག་དཔེ་སྟོན་དགོས་ལ། ཇི་མ་ཇི་བཞིན་དུ་སློབ་སྦྱོང་བྱེད་པ་དང་རྒྱུན་མཐུད་རྗེས་སྙེག་སློབ་སྦྱོང་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《ཆོད་དོན》གྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། ཕྱོགས་ཡོངས་ནས་དཔེ་བསྡུར་ཚད་བསྡུར་བྱེད་པ་དང་ལག་ལེན་གཏིང་ཟབ་བཅས་བྱེད་དགོས།    ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བློ་སྒྲིལ་སེམས་སྐྱེད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། དེའི་སྙིང་བཅུད་དང་ལག་ལེན་གྱི་བླང་བྱ་ཤེས་རྟོགས་གཏིང་ཟབ་བྱེད་དགོས། སློབ་སྦྱོང་བྱེད་སྐབས་ཏང་གཤིས་བརྟན་པོ་རྒྱུན་མི་ཆད་པར་སྦྱོང་བརྡར་དང་། ཏང་ལ་བློ་དཀར་སེམས་དཀར། འབད་བརྩོན་གྱི་ཁ་ཕྱོགས་གསལ་བ། བྱ་སྤྱོད་ཀྱི་ཚད་གཞི་ཞིབ་བཤེར། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྦྱོང་བསམ་སྤྱོད་གསུམ་ལ་ཁྱབ་པ་དང་། ཤེས་དད་སྤྱོད་གསུམ་གཅིག་གྱུར་ཡོང་བ་བྱེད་དགོས།    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཟུང་འབྲེལ་བྱས་ནས། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱེད་དགོས་ལ། བློ་བརྟན་འགྱུར་མེད་ངང“ཀྲུང་ཧྭའི་ཆུ་མཛོད”ཀྱི་བདག་སྐྱོང་བ་ཡག་པོ་ཞིག་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཧུར་ཐག་གིས་གཏོད་དགོས་ལ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དམངས་འཚོ་འགན་སྲུང་། བདེ་འཇགས་བརྟན་ལྷིང་སོགས་ཀྱི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་གི་ཕན་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་། དཀའ་གནད་སེལ་བའི་བྱེད་ཐབས། རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་བཅས་སུ་ཏན་ཏིག་གིས་བསྒྱུར་དགོས་ལ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ལས་འགན་ལ་སྔར་ལས་ཞབས་ཞུ་བཟང་བོ་བསྒྲུབ་དགོས།   སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་ཁོར་ཡུག་རྒྱུན་མཐུད་ངང་གསོ་སྐྱོང་བྱེད་དགོས་ལ། གཟབ་ནན་གྱི་དགོངས་གཞི་དང་བྱེད་ཐབས་ནན་མོ། རྣམ་པ་ནན་མོ་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་པ་དང་། ཏང་གཤིས་ཏང་སྲོལ་ཏང་ཁྲིམས་གསུམ་མཉམ་དུ་དམ་འཛིན་བྱས་ནས། སྤྱོད་སྲོང་སྒྲིག་ནན་དང་རུལ་སུངས་ལ་རྒོལ་བ་བཅས་ཕན་ཚུན་འབྲེལ་མཐུད་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་དགོས། སྙིང་རུས་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ནས། གཞུང་དྲང་སྤྱོད་གཙང་དང་སྤྱོད་གཙང་ལས་སྒྲུབ་དེ་མཐོ་སྒང་གི་ས་གཞི་ཆེན་མོའི་དར་སྲོལ་དུ་ཆགས་པར་བྱེད་དགོས་ལ།    ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་གིས་འཁུར་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུའི་ཧྲུའུ་ཅིས་འགན་འཁུར་པ་དང་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། འགོ་ཁྲིད་ཚན་པའི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་མོ་བྱེད་པ། ཏང་ཡོན་ལས་བྱེད་པས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་འགན་འཁྲི་དོན་འཁྱོལ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཨུས་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་ཡག་པོ་བྱས་ཏེ། འགན་འཁྲི་ཤེས་པར་བརྟེན་ནས་འགན་འཁྲི་གསལ་བོ་བྱེད་པ་དང་འགན་འཁྲི་འཁུར་བའི་བྱ་སྤྱོད་དངོས་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།