ཟླ11པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་མཛད་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཤིས་འཕྲིན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུར་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་ལས་དོན་སྔར་ལས་ཡག་པོ་བསྒྲུབ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱིས་འཐབ་ལམ་གསར་པའི་ཐོག་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྨ་ཆུ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལག་བསྟར་ནན་ཏན་བྱེད་པ་དང་། རྨ་ཆུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་གྲོས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་བྱ་དགོས་ཤིང་། མགོ་ཁུངས་ཀྱི་འགན་འཁྲི་དང་གཞུང་རྒྱུན་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་རོམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། རྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། “ཀྲུང་ཧྭའི་ཆུ་མཛོད”ཀྱི་ཆུ་ཁུངས་གསོ་འཁྱོངས་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་ཞིབ་གཉེར་ཆོད་ཆེའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་ཏན་ཏིག་ངང་ཇེ་བརྟན་དུ་གཏོང་དགོས། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། དག་གཙང་ནུས་ཁུངས་དང་། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་དང་སྐྱེ་ཁམས་ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་མཚོན་ཅན་ཧུར་ཐག་གིས་གཏོད་དགོས། རྨ་ཆུའི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང“རྨ་ཆུ་དྭངས་གཙང”གི་ཡུལ་སྐོར་རྒྱུད་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྨ་ཆུའི“མཚོ་སྔོན་གྱི་གཏམ་རྒྱུད”ཡག་པོར་བརྗོད་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཀྲུང་ཧྭ་མི་རིགས་ནམ་ཡང་རྒྱུན་མཐུད་འཕེལ་རྒྱས་ཆེད་དུ་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྤྱི་ཚོགས་རིང་ལུགས་སློབ་གླིང་བཙུགས་ནས་ལོ70འཁོར་བར་ཤིས་འཕྲིན་གལ་ཆེན་སྤྲིངས་ནས་དུས་རབས་གསར་པའི་སྤྱི་ཚོགས་རིང་ལུགས་སློབ་གླིང་གི་ལས་དོན་ལ་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིས་འཕྲིན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་དགོས་ལ། དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཟུང་འབྲེལ་བྱས་ནས། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། “སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་རྒྱུན་འཁྱོངས”བྱེད་པའི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དམ་པོར་བཟུང་སྟེ། “རིམ་པ་མཐོ་བ་དང་། ཚད་ལྡན་ཅན། ཁྱད་ཆོས་ལྡན་པ”བཅས་ཀྱི་སློབ་གཉེར་བསམ་ཕྱོགས་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་གྱི་སློབ་གསོའི་འགན་གཙོ་བོ་དང་ལས་སྒོ་གཙོ་བོ་སྒྲུབ་པ། སློབ་ཁྲིད་ཚན་ཞིབ་དང་སློབ་གླིང་བཅོས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་ལ། འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣའི་སློབ་གསོ་དང་གསོ་སྐྱོང་སྔར་ལས་ལྷག་པར་སྐུལ་སྤེལ་གཏོང་བ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས་ཤིང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པའི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་སྒྲིལ་ཤུགས་ཆེན་པོ་གོང་བུ་གཅིག་ཏུ་བསྒྲིལ་དགོས།
གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་ལས་དོན་བཀོད་སྒྲིག་དང་། སློབ་སྦྱོང་དྲིལ་བསྒྲགས་ཇུས་གཞི། དྲིལ་བསྒྲགས་འཕྲིན་སྤེལ་གྱི་བསམ་འཆར། དེ་བཞིན་སྒྲོག་བཤད་ལས་དོན་གྱི་ཇུས་གཞི་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཞིང་ཆེན་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་བསམ་བློ་དང་བྱ་སྤྱོད་དེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་སྔར་ལས་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས་”མཐའ་གཅིག་ཏུ་སྒྲུབ་དགོས་པར་ནན་བཤད་བྱས་ཡོད། སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྒྲིག་འཛུགས་ཞིབ་ཚགས་དང་། སྒྲོག་བཤད་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས། དྲིལ་བསྒྲགས་དང་འཕྲིན་གསར་སྤེལ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས་ལ། ཟུར་མང་པོས་གསལ་བཤད་འགྲེལ་བཤད་ཟབ་སྤེལ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་དང་། སྲོག་ཤིང་གི་དོན་གནད། ཕུན་སུམ་ཚོགས་པའི་ནང་དོན་བཅས་ཆ་ཚང་ཞིང་ཡང་དག་པར་ཁོང་དུ་ཆུད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་རིམ་ཏང་རྩ་འཛུགས་རེ་རེ་དང་། ཏང་ཡོན་ལས་བྱེད་པ་རེ་རེ། སྤྱི་ཚོགས་ཡོངས་སུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཁོར་ཡུག་ལེགས་པོ་ཆགས་པར་བྱ་དགོས་ཤིང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་སྤེལ་གཏོང་བ་དང་། ལས་སྒྲུབ་ལ་བརྟེན་ནས་ཕན་འབྲས་ཐོན་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་གསར་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་མཁོ་འདོན་བྱས་ཡོད།
གྲོས་ཚོགས་ལས་དོན་དག་གཞན་པར་ཞིབ་འཇུག་བྱས།