ཤེས་རིག་སྒྲོན་མེ་ཁྲི་ཀའི་ཡུལ་དུ་སྦར། །སློབ་བུ་བྱེ་བའི་མ་རིག་མུན་པ་བསལ། །
—མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པ་བཙུགས་ནས་བགྲང་བྱ50འཁོར་བའི་སློབ་གསོའི་འཕེལ་རྒྱས་ཐད་ཀྱི་བཞུགས་མོལ་ཚོགས་འདུ་རྨ་ཡུལ་ཁྲི་ཀར་འཚོགས་པ།

སློབ་གྲྭ་བཙུགས་ནས་བགྲང་བྱ་ལྔ་བཅུ་འཁོར་བའི་སློབ་གསོའི་ལས་དོན་གྱི་ཞབས་རྗེས་ལ་ཕྱི་མིག་ལྟ་བ་དང་། དུས་རབས་གསར་བའི་མི་རིགས་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐབས་ལམ་འཚོལ་སྙེག་བྱེད་པའི་ཆེད་དུ། 2026ལོའི་ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་སློབ་གསོའི་འཕེལ་རྒྱས་ཐད་ཀྱི་བཞུགས་མོལ་ཚོགས་འདུ་སློབ་གྲྭ་དེའི་བཀྲ་ཤིས་རྣམ་རྒྱལ་གླིང་གི་དཔེ་མཛོད་ཁང་དུ་གཟབ་རྒྱས་ངང་འཚོགས། རིམ་པ་སོ་སོའི་དབུ་ཁྲིད་དང་རིམ་ཁུར་གྱི་སློབ་གྲྭའི་དབུ་ཁྲིད། ཕུལ་བྱུང་གི་སློབ་གྲྭའི་གྲོགས་མཆེད། ལས་འཁྱུར་ངལ་གསོ་དང་ལས་ཐོག་གི་འཐུས་ཚབ་དགེ་རྒན། ཆ་འགྲིག་རོགས་སྐྱོར་གྱི་སློབ་གྲྭའི་སྐུ་མགྲོན། ད་དུང་དགེ་སློབ་དང་ཁྱིམ་བདག་གི་འཐུས་ཚབ་བཅས་ལྷན་གཅིག་ཏུ་འཛོམས་ཏེ། ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཅིང་དགེ་ལེགས་ཀྱི་སྣང་བ་སྩོལ་བའི་སློབ་གསོའི་འཕེལ་རྒྱས་ཀྱི་ཚོགས་འདུ་ལ་མཉམ་ཞུགས་བྱས།
བཀྲ་ཤིས་རྟེན་འབྲེལ་ཞུ་བའི་སྙན་ཚིག་གིས། །ཚོགས་འདུ་དབུ་འཛུགས་གནང་བའི་སྒོ་མོ་ཕྱེ། །

མཛད་སྒོའི་ཐོག་མར་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅུ་གཞོན་པ། སློབ་གཙོ་ཁུང་ཀྲན་ཁུའེས་བཀྲ་ཤིས་པའི་ཚིག་གིས་མདུན་བསུས་ཏེ་བཞུགས་མོལ་ཚོགས་འདུ་ལ་མདོ་འཛིན་གནང་། ཀྱག་ཀྱོག་གི་མི་ལོ་ལྔ་བཅུ། གཡུར་དུ་ཟ་བའི་མི་ལོ་ལྔ་བཅུ། 1976ལོར་ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གསར་འཛུགས་གནང་དུས་ཀྱི་དགེ་རྒན6དང་སློབ་བུ40ཙམ་ལས་མེད་པ་ནས། དུས་ད་ལྟ་ས་ཁྱོན་ལ་སྨི166.4ཡོད་པའི་དེང་རབས་ཅན་གྱི་སློབ་གྲྭའི་ཁོར་ཡུག་དང་ལྡན་པ་མ་ཟད། མཐར་ཕྱིན་སློབ་མ14204ལྷག་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལས་རིགས་སོ་སོར་ཁྱབ་ཡོད། ཤེས་རིག་གི་སྒྲོན་མེ་བཏེགས་པའི་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་བློ་ལྡན་བརྩོན་འགྲུས་ཅན་རྣམས་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་ཏུ་འོད་སྣང་སྩོལ་ཅིང་ཕན་བདེ་བསྐྲུན།
བདེ་བླག་བཀྲི་བའི་བརྩོན་འགྲུས་མ་བཏང་ན། །གང་བརྩམས་ལས་ལ་གཡུར་ཟའི་འབྲས་བུ་སྨིན། །
སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅུ་བསོད་ནམས་རྡོ་རྗེས་སློབ་གྲྭའི་མི་ལོ་ལྔ་བཅུ་རིང་གི་སློབ་གྲྭ་འཛུགས་སྐྱོང་གི་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུ་ཕུལ། རླབས་ཆེ་བའི་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མཛུབ་སྟོན་དང་ཐུགས་ཁུར། རྒྱབ་སྐྱོར་གྱི་སྐུ་དྲིན་དང་། གཞན་ཕན་ལྷག་བསམ་གྱི་ངང་མདངས་དཀར་བའི་སློབ་གྲྭའི་དབུ་ཁྲིད་དང་དགེ་རྒན་གང་མང་ཞིག་གི་འགྱུར་མེད་ཀྱི་བརྩེ་བ་དང་ལྡོག་མེད་ཀྱི་བརྩོན་འགྲུས་ལ་བརྟེན་ནས་སློབ་གྲྭ་འདི་མེད་པ་ནས་ཡོད་པར་གྱུར་ཞིང་། ཡོད་པ་ནས་རྒྱ་ཆེའི་མི་དམངས་དང་སྤྱི་ཚོགས་ཀྱི་འདོད་བློ་སྐོང་བའི་ཤེས་ལྡན་མི་སྣ་སྐྱོང་བའི་ཤེས་རིག་གི་ལྡིང་ཀ་ཞིག་ཏུ་འཕེལ་རྒྱས་སུ་ཕྱིན་པ་ཡིན།
སློབ་གྲྭས་མི་ལོ་ལྔ་བཅུའི་རིང་ཁྱོན་བསྡོམས་ཞིབ་འཇུག་སློབ་མ347དང་། འབུམ་རམས་པ76། དགེ་རྒན་ཆེན་མོ53། ཐིང་རིམ་པའི་ལས་བྱེད་པ7དང་ཁྲུའུ་རིམ་པའི་ལས་བྱེད་པ136། ལས་རིགས་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ12བསྐྱེད་སྲིང་གནང་ཡོད།
ཕྱིར་དྲན་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས། །དྲི་མེད་བདུད་རྩིའི་སྙིང་གཏམ་ཆར་དུ་བསྙིལ། །

རིམ་ཁུར་སློབ་གྲྭའི་དབུ་ཁྲིད་ཀྱི་འཐུས་ཚབ་པ་རིན་ཆེན་དོན་འགྲུབ་ཀྱིས་བརྩེ་བ་ཟབ་མོའི་ཀློང་དབྱིངས་ནས2004ནས2012བར་དུ་སློབ་གཙོའི་འགན་བཞེས་པའི་ལོ་ཟླ་ཕྱིར་དྲན་གནང་ཞིང་། 2009ལོར་མཚོ་ལྷོ་ཁུལ་གྱི་སློབ་གསོའི་འཕེལ་རྒྱས་ཀྱི་དགོས་དབང་གིས་སློབ་གྲྭ་རྫོང་གཏོགས་ནས་ཁུལ་གཏོགས་ཀྱི་སློབ་གྲྭར་རིམ་འཕར་བྱས་པ་དང་། 2012ལོར་སྔར་གྱི་གནས་ནས་དེང་གི་གནས་སུ་སྤར་ཏེ་རྒྱ་བསྐྱེད་འཛུགས་སྐྲུན་གནང་བའི་ལོ་རྒྱུས་ཀྱི་རང་བཞིན་གྱི་ཐོལ་བརྒལ་བྱུང་བའི་ལོ་རྒྱུས་བརྗོད་པ་དང་། སློབ་གྲྭའི་ལས་དོན་སླད་དུ་དཀའ་སྤྱད་ཀྱི་རྔུལ་ཆུ་གཏོར་མྱོང་བའི་མི་བུ་ལྷག་བསམ་ཅན་རྣམས་ལ་གུས་འདུད་ཞུ།

དེ་རྗེས་ཕུལ་བྱུང་གི་སློབ་གྲྭའི་གྲོགས་མཆེད་ཀྱི་འཐུབ་ཚབ་པ་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་ཞིབ་འཇུག་པ་ནོར་བུ་དབང་ལྡན་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ། ཀྲུང་་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་རྩོམ་པ་པོ་ལྷ་བྱམས་རྒྱལ་སོགས་ཀྱིས་རིམ་པ་བཞིན་གཏམ་བཤད་གནང་། འདས་ཟིན་པའི་སློབ་སྦྱོང་གི་འཚོ་བ་དྲན་པས་གསོ་བཞིན་མ་ཡུམ་སློབ་གྲྭར་བཀའ་དྲིན་ཞུས་ཤིང་། གང་གིས་བསྐྲུན་པའི་བླ་མེད་མཛད་རྗེས་དང་ད་ལྟའི་འཕེལ་རྒྱས་ཀྱི་གནས་བབ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། གཞན་བསམ་ལྷག་བསམ་གྱིས་དྲངས་པའི་དགོངས་འཆར་གང་ཡོད་སྦ་གསང་མེད་པར་གསོང་བོར་བརྗོད། རྒན་ནོར་བུ་དབང་ལྡན་གྱིས་སློབ་གྲྭ་འདིས་ཏང་གི་མི་རིགས་སློབ་གསོ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་ལ་བྱས་རྗེས་བླ་མེད་བཞག་ཡོད་པས། སློབ་གྲྭའི་ལོ་རྒྱུས་འགྲེམས་སྟོན་ཁང་གསར་འཛུགས་གནང་ནས་ཞུམ་པ་མེད་པའི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་པ་དང་། ཁུལ་དང་རྫོང་ཨུའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭ་འདིར་་རྒྱབ་སྐྱོར་གནང་བའི་ཤུགས་ཆེ་རུ་གཏོང་བའི་རེ་འདུན་ཞུ་ཞིང་། རྒན་ལྕགས་ཐར་རྒྱལ་གྱིས་རྒྱ་ཡིག་དང་བོད་ཡིག དབྱིན་ཡིག་གསུམ་གར་གཙིགས་ཆེན་གནང་ནས་མཉམ་དུ་མདུན་སྐྱོད་བྱས་པས་སློབ་གྲྭ་འདིས་སློབ་མ་ཕུལ་དུ་བྱུང་བ་བསྐྱེད་སྲིང་གནང་ཞིང་གྲུབ་འབྲས་ཀྱང་རྨད་བྱུང་བ་བླངས་ཡོད་པ་དང་། སློབ་གྲྭ་འདི་ནས་སློབ་ཞུགས་བྱས་ཤིང་་ཨ་རིའི་མ་ས་ཆུ་སི་ཚན་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པའི་སྟག་འབུམ་རྒྱལ་་དང་པེ་ཅིང་སློབ་གྲྭ་ཆེན་མོའི་ཀྲུང་གོའི་ཚན་རྩལ་སློབ་གླིང་ནས་ཕྱི་ཚར་འབུམ་པའི་བསླབ་གནས་བླངས་པའི་ཁོང་གི་སྲིང་མོ་བསོད་ནམས་སྐྱིད་གཉིས་དཔེ་རུ་དྲངས་ཏེ། དབྱིན་ཡིག་ནི་འཛམ་གླིང་ལ་བསྐྱོད་པ་དང་མིག་རྒྱང་བསྐྱེད་པར་མེད་དུ་མི་རུང་་བའི་བསླབ་ཚན་གལ་ཆེན་ཞིག་ཡིན་པས། དེ་ལ་སྔར་ལས་ལྷག་པའི་སྒོ་ནས་གཙིགས་སྣང་ཆེན་པོ་བྱེད་དགོས་པར་གསུངས།

ཟི་ལིང་གྲོང་ཁྱེར་གྱི་མཐོ་འབྲིང་གཉིས་པའི་ཆ་འགྲིག་རོགས་སྐྱོར་གྱི་སློབ་གྲྭའི་ཏང་ཨུའི་ཀྲང་ཡུས་ཆིན་ཧྲུའུ་ཅུས་རྩ་བ་དང་ལོ་ཚོད་གཅིག་པ། སློབ་གྲོགས་ཡིན་ཞིང་བགྲོད་ལམ་གཅིག་པ་བཅས་རྒྱུ་མཚན་བཞིའི་སྒོ་ནས་སློབ་གྲྭ་གཉིས་ཆ་བསྒྲིགས་པའི་ངོ་མཚར་བའི་ལས་སྐལ་བརྗོད་ཅིང་། ད་ལོ་ནི་སློབ་གྲྭ་གཉིས་ལག་རྡང་སྦྲེལ་བའི་ལོ་དང་པོ་ཡིན་པས་ང་ཚོས་སྟེགས་བུ་གསར་སྐྲུན་དང་ཡར་རྒྱས་ལ་སྐུལ་འདེད་བྱས་ནས། གནད་ཁེལ་རོགས་སྐྱོར་གྱིས་མི་རིགས་མཐོ་འབྲིང་གཉིས་པའི་སྤུས་ཚད་མཐོ་ཞིང་ཁྱད་ཆོས་ལྡན་པའི་མ་འོངས་པའི་འཕེལ་རྒྱས་ལ་རོགས་རམ་གནང་རྒྱུ་ཡིན་ཞེས་གསུངས།
ལས་འཁྱུར་ངལ་གསོ་གནང་བའི་དགེ་རྒན་གྱི་འཐུབ་ཚབ་པ་པདྨ་རིག་འཛིན་གྱིས་རང་ཉིད1977ལོར་སློབ་གྲྭར་ཞུགས་པ་དང1990ལོར་ཕྱིར་མ་ཡུམ་སློབ་གྲྭར་ལོག་ནས་དགེ་རྒན་མཛད་པའི་ལོ་རྒྱུས་བརྗོད་ཅིང་། རོང་འབྲོག་པའི་སློབ་བུ་གང་མང་ཕྱི་རོལ་དུ་བགྲོད་ཐུབ་ཅིང་རང་ཡུལ་དུ་ཕྱིར་ལོག་འདོད་པ་དག་ཏུ་འགྱུར་བའི་རེ་བ་བཏོན་ཞིང་། ལས་ཐོག་དགེ་རྒན་གྱི་འཐུས་ཚབ་པ་ཚེ་དཔལ་གྱིས་རྡུལ་གྱི་འཚུབ་མ་འཁོར་བ་ནས་དེང་གི་ཚད་ལྡན་གྱི་ལུས་རྩལ་ར་བ་དང་། ཁང་ལེབ་གྲལ་ཤར་འགའ་ནས་དེང་རབས་ཅན་གྱི་སློབ་ཁྲིད་ཐོག་ཁང་བར་འཕོ་འགྱུར་བྱུང་བའི་ལོ་རྒྱུས་ཀྱི་གོམ་སྟབས་རེ་རེ་རང་གིས་དངོས་སུ་མྱོང་བའི་ཚུལ་གསུངས།

"ང་རང་དམའ་གསུམ་གྱི་སྐབས་སུ་སློབ་གྲྭ་འདིའི་སློབ་གྲོགས་དབང་ཆེན་མཚོ་མོས་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་ཁྲོད་ཨང་དང་པོ་བླངས་པའི་འཕྲིན་བཟང་མཐོང་བས། ཕྲན་ནི་དབྱར་རྔ་ཐོས་པའི་རྨ་བྱ་བཞིནཡིད་སྨོན་འཆོར་ཞིང་། དུས་དེ་ནས་བཟུང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པར་སོང་ནས་སློབ་སྦྱོང་བྱེད་རྒྱུ་ཡིན་པའི་དམ་བཅའི་རི་མོ་སྙིང་ལ་བརྐོས་པ་ཡིན།""ཕུལ་བྱུང་གི་སློབ་མ་ཁོང་དང་ཁོང་མོ་ལྟ་བུ་ནི་སློབ་གྲྭའི་ཆེས་ལེགས་པའི་མཚན་བྱང་ཡིན་ལ། ང་ཚོ་སློབ་གྲོགས་ཚོས་ཆེས་རྗེས་སུ་བསླབ་འོས་པའི་མིག་དཔེ་བཟང་བོའང་ཡིན "ཞེས་སློབ་མའི་འཐུས་ཚབ་པ་རྟ་མགྲིན་སྒྲོལ་མས་བཤད།
ཡང་དག་སློབ་གསོའི་དམིགས་འབེན་ཡིད་ལ་ཉར། །ཞུམ་མེད་བརྩོན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ། །
མཚོ་ལྷོ་ཁུལ་གྱི་སློབ་གསོ་ཅུས་ཀྱི་ཅུས་ཀྲང་པདྨ་དོན་འགྲུབ་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་སློབ་གྲྭའི་ལོ་འཁོར་ལྔ་བཅུའི་འཁྲུངས་སྟོན་ལ་རྟེན་འབྲེལ་ཞུ་བའི་ཤིས་པ་བརྗོད་ཅིང་འཚམས་འདྲི་གནང་བ་མ་ཟད། ཁུལ་སློབ་གསོ་ཅུས་ཀྱི་ཏང་གི་རྩ་འཛུགས་ཀྱི་ཚབ་བྱས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་སློབ་གྲྭའི་མི་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་བསྔགས་པ་བརྗོད་པ་དང་ཆབས་ཅིག་ཏུ། མིག་སྔའི་སློབ་མའི་ཡོངས་ཁུངས་ཀྱི་རྨང་གཞི་དང་དགེ་རྒན་ཐོན་ཁུངས་ཀྱི་གྲུབ་ཚུལ། སློབ་གསོ་ལྔ་མཉམ་དུ་སྤེལ་བ་དང་། སློབ་གྲྭ་དང་ས་གནས་མཉམ་འབྲེལ་བཅས་ཕྱོགས་བཞིའི་ཞན་ཆ་དང་མི་འདང་ས་དངོས་སུ་བསྟན་ཏེ། ཁུལ་སློབ་གསོ་ཅུས་ཀྱིས་སྲིད་ཇུས་དང་མ་དངུལ། སྒྲིག་ཁོངས། སློབ་དཔྱོད་དང་། ཟི་ལིང་མཐོ་འབྲིང་གཉིས་པའི་ཆ་འགྲིག་རོགས་སྐྱོར་སོགས་ཀྱི་ཐད་ནས་མུ་མཐུད་དུ་རྒྱབ་སྐྱོར་ཆེན་པོ་གནང་རྒྱུ་ཡིན་པ་ནན་གྱིས་གསུངས།
བརྗེད་མེད་རྗེས་དྲན་སྐུ་པར་མཉམ་དུ་བསྐྱོན། །སློབ་གྲྭའི་མདུན་ལམ་འོད་སྟོང་ལྡན་པར་ཤོག །
བཞུགས་མོལ་ཚོགས་འདུ་མཇུག་རྫོགས་རྗེས་ཚོགས་ཞུགས་མི་སྣ་ཡོངས་བཀྲ་ཤིས་རྣམ་རྒྱལ་གླིང་གི་ཐོག་ཁང་་ཆེན་མོའི་་སྒོ་མདུན་དུ་འཛོམས་་ཏེ་རྗེས་དྲན་གྱི་མཉམ་པར་བསྐྱོན། བགྲང་བྱ་ལྔ་བཅུ་ནི་ཕྱིར་མིག་ལྟ་སའི་དུས་ཚོད་ཀྱི་གནས་ཡིན་ལ། ཡང་བསྐྱར་ལམ་ལ་ཆས་སའི་ས་ཚིགས་ཀྱི་མཚམས་ཀྱང་ཡིན། སློབ་གྲྭའི་ལོ་རྒྱུས་བཤམས་སྟོན་ཁང་འཛུགས་སྐྲུན་བྱེད་པའི་རེ་ཞུ་ལ་ཁུལ་སློབ་གསོ་ཅུས་མོས་མཐུན་ཡིན་པ་དང་མི་འགྱངས་པར་ལས་གཞིའི་མགོ་འཛུགས་རྒྱུ་ཡིན་པ་ཀུན་ལ་བསྒྲགས། མ་འོངས་པར་ཀྱག་ཀྱོག་ཆེ་ཞིང་སེམས་འགུལ་ཐེབས་པའི་བགྲང་བྱ་ལྔ་བཅུའི་གཏམ་རྒྱུད་རེ་རེ་འདི་ནས་གསན་ཆོག་ལ། ལོ་རྒྱུས་ཀྱི་མེ་ལོང་ངོས་ན་ལྷང་ངེར་གསལ་བའི་་ལང་ཚོའི་གཟི་བྱིན་རེ་རེ་འདི་ནས་མཇལ་ཐུབ་ངེས་རེད།
ཕུན་ཚོགས་ངོ་མཚར་རིག་རྩལ་ལྟད་མོའི་དཔལ། །ལྔ་བཅུ་འཁྲུངས་སྟོན་བསུ་བའི་སྐྱེས་སུ་བསྟབས། །

ཕྱི་དྲོར་ཕྱོགས་སོ་སོ་ནས་ཕེབས་པའི་སྐུ་མགྲོན་རྣམས་སློབ་གྲྭའི་ལུས་རྩལ་ར་བར་འཛོམས་ཏེ། དྲན་གསོ་དང་རྒྱུན་འཛིན། མཉམ་འབྲེལ་བཅས་ལེའུ་གསུམ་ཅན་གྱི་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་པ། མཆོར་སྒེག་ཉམས་འགྱུར་ལྡན་ཅིང་ཡིད་ཀྱི་བརྟན་པ་འཕྲོག་པའི་རིག་རྩལ་འཁྲབ་སྟོན་གྱི་ལྟད་མོ་མང་པོ་ཀུན་གྱི་ཁྲ་ཆུང་མིག་གི་བདུད་རྩི་དང་དར་ལུང་རྣ་བའི་གསོས་སུ་ཕུལ་ཞིང་། བརྗིད་ཉམས་ལྡན་པའི་མེས་རྒྱལ་གྱི་བསྟོད་གླུ་མཉམ་ལེན་དང་བསྡོངས་ནས་འཁྲབ་སྟོན་གྱི་མཇུག་བསྡུས།
མཐར་སྐུ་མགྲོན་ལྷན་རྒྱས་སློབ་གྲྭའི་བཤམས་སྟོན་ཁང་དུ་ཕེབས་ནས་དགེ་སློབ་ཟུང་གི་བློ་གྲོས་ལས་འཁྲུངས་པའི་ཡིག་གཟུགས་དང་མཛེས་རིས། འདྲ་པར་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་ལ་ཉམས་སུ་མྱངས་རྗེས་མཛད་སྒོའི་མཇུག་ཡོངས་སུ་རྫོགས་སོ། །