ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གཞུང་ལས་ཁང་དང་ཀྲུང་དབྱང་སྒྲིག་ཨུ་གཞུང་ལས་ཐིང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན3ཡོངས་བསྒྲགས་ངང་བརྡ་ཁྱབ་བཏང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན་ཀྲུང་དབྱང་རིམ་པའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ལས་དོན་ལམ་སྲོལ་གཞུང་དོན་ཁང་གིས་ཀྲུང་དབྱང་སྒྲིག་ཨུ་གཞུང་དོན་ཐིང་དང་མཉམ་དུ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་དཔེ་མཚོན་གནད་དོན3བརྡ་ཁྱབ་བཏང་བ་རེད། བྱེ་བྲག་གི་གཤམ་གསལ་ལྟར།
1.ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་གྱིས་བསྡོམས་རྩིས་རྫུན་བཟོ་སོགས་རྫུན་བཟོ་བྱ་སྤྱོད་ཡོ་བསྲང་ནུས་ལྡན་བྱས་མེད་པ་དང་། རྫོང་ཁག་གཅིག་གི་གྲངས་གཞི་རྫུན་བཟོ་བྱེད་པའི་གནད་དོན་འབུར་ཐོན་ཡིན་པ།
2.ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་ཁུན་ཏུའུ་ལུན་ཆུས་ཀྱི་ཐུམ་སྒྲིལ་རྣམ་གྲངས་རྫུན་མ་དེ་ཡུན་རིང་དམིགས་བསལ་རྒྱལ་བུན་རྣམ་གྲངས་རེ་ཞུ་བྱས་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཞིབ་མཆན་དང་ལྟ་སྐུལ་དོ་དམ་ཕྱི་ཚུལ་ཙམ་དུ་སྤེལ་བ།
3.ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་ཧེ་ལུང་ཅང་ཞིང་ཆེན་ཡན་ལག་ཀུང་སིའི་དཔྱད་ཞིབ་དེ་དོན་དངོས་དང་ཁ་བྲལ་ནས་ཁོངས་གཏོགས་ཀུང་སིས་དཔྱད་ཞིབ་ལས་འགན་ལེགས་སྒྲུབ་བྱ་ཆེད་བརྒྱུད་རིམ་རང་བཞིན་གྱི་ལས་གཉེར་ཡོང་འབབ་ཟོལ་འཕར་བྱས་པ།
གོང་གསལ་གནད་དོན་ཁྲོད་ས་གནས་ཁ་ཤས་ཀྱིས་ཏང་ཀྲུང་དབྱང་གི་བསྡོམས་རྩིས་རྫུན་བཟོ་ལ་དོགས་ཟོན་དང་ཆད་གཅོད་བྱེད་པའི་བླང་བྱ་དོན་འཁྱོལ་གནད་ལ་འཁེལ་མེད་པ་དང་། འཕེལ་རྒྱས་དམ་འཛིན་བྱ་རྒྱུ་དེ་གཞི་གྲངས་དམ་འཛིན་དང་གཅིག་མཚུངས་ཡིན་པར་བྱས་ཏེ། གཞི་རིམ་གྱིས་ལས་འགན་ལེགས་འགྲུབ་བྱ་ཆེད་རྫུན་བཟོ་བྱས་པ་རེད། ས་གནས་ཁ་ཤས་སུ་ཐུམ་སྒྲིལ་རྣམ་གྲངས་རྫུན་མ་སྤེལ་ནས་མ་དངུལ་གཡོ་ལེན་བྱེད་པ་དང་། ཞིབ་བཤེར་ཆོག་མཆན་དང་རིམ་པ་རེ་རེའི་ལྟ་སྐུལ་དོ་དམ་གྱི་ནུས་པ་ཤོར་ནས། ནོར་སྲིད་མ་དངུལ་ལ་གྱོང་གུན་ཐེབས་པའི་ཉེན་ཁ་ཡོད། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཁ་ཤས་ཀྱིས་དོན་དངོས་དང་བྲལ་ནས་དཔྱད་ཞིབ་དམིགས་ཚད་གཏན་འབེབས་བྱས་པ་དང་། རིམ་པ་རེ་རེ་བཞིན་ལས་འགན་དབྱེ་བགོ་བྱས་ཏེ། ཁོངས་གཏོགས་ཁེ་ལས་ཀྱིས་དཔྱད་ཞིབ་ལས་འགན་ལེགས་འགྲུབ་བྱ་ཆེད་གོ་རིམ་ལྡན་པའི་སྒོ་ནས་ལས་གཉེར་ཡོང་འབབ་རྫུན་འཕར་བྱས་པས། ས་གནས་དང་རྒྱལ་དབང་ཁེ་ལས་ཁ་ཤས་ཀྱིས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》ལག་ལེན་མཐར་ཕྱིན་བསྟར་བར་ད་དུང་ཧེ་བག་ཡོད་པ་དང་། “ཡོ་བསྲང་དྲུག”དོན་འཁྱོལ་ནུས་ལྡན་མ་བྱུང་བ་དང་། ཀྲུང་དབྱང་རིམ་ངོས་ནས་བརྡ་ཁྱབ་བཏང་བའི་དཔེ་མཚོན་གནད་དོན་ལ་གཅིག་ཤེས་ཀུན་གྲོལ་དང་ཞིབ་བསྡུར་ཡོ་བསྲང་གནད་ལ་ཁེལ་མེད་པ་རེད།
ཏང་ཨུ(ཏང་ཙུའུ)རིམ་པ་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཙོ་གཞིའི་འགན་འཁྲི་ཏན་ཏིག་འཁུར་བ། ས་ཁུལ་དེ་ག་དང་སྡེ་ཚན་དེ་ག་དང་ལས་ཁུངས་དེ་གས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ལས་ཀའི་དུས་བབ་དང་ལས་འགན་ལ་ཞིབ་འཇུག་དང་དབྱེ་ཞིབ་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། བཅོས་སྒྲིག་ལས་དོན་མུ་མཐུད་དུ་དམ་འཛིན་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གིས་སྤྱོད་ཚུལ་ལེགས་སྐྱོང་གི“ཁ་ཕྱོགས་མཚོན་རྟགས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “གྲི་ཁ་ནང་དུ་བསྐོར་བ”མཐའ་འཁྱོངས་བྱས་ཏེ། རང་འགུལ་ངང་ལས་རིགས་དང་། ཁོངས་གཏོགས། ཁྱབ་ཁོངས་བཅས་ཀྱི་འབུར་ཐོན་གནད་དོན་རྩད་ཞིབ་དང་བཅོས་སྒྲིག་བྱེད་དགོས། རིམ་པ་ཁག་གིས་ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་བཅོས་སྒྲིག་བྱེད་པ་དེ་གཙོ་གནད་ཁྱབ་ཁོངས་དང་འབུར་ཐོན་གནད་དོན་ལ་དམིགས་ནས“ཡོ་བསྲང་དྲུག”མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དཔེ་མཚོན་དམ་འཛིན་དང་ད་ལྟ་ལག་བསྟར་བྱེད་བཞིན་པའི་བརྡ་ཁྱབ་དམ་འཛིན་བྱེད་པ། གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་ཕན་འབྲས་མུ་མཐུད་དུ་སྲ་བརྟན་དང་རྒྱ་བསྐྱེད་གཏོང་དགོས། །