ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས4ཉིན་གསར་འགོད་པས་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འཛད་སྤྱོད་ཆེ་རུ་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནང་མཁོ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། ནུས་ལྡན་གྱི་མ་འཇོག་མང་དུ་གཏོང་བ། འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ། འཛད་སྤྱོད་དང་མ་འཇོག་མཉམ་འགུལ་བཟང་པོ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་སོགས་སྡེ་ཚན་གྱིས《འཛད་སྤྱོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་འཛད་སྤྱོད་དངུལ་གཏོང་གི་བརྗེ་རེས་བཟང་པོར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་འཆར》དཔར་འགྲེམས་བྱས།
མཛུབ་ཁྲིད་བསམ་འཆར་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ལས་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་སྒྲིག་བཀོད་མཐོ་རུ་གཏོང་བ། ཕྱིར་སྐྱོད་འཛད་སྤྱོད་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ། འཁོར་རྒྱུག་སྒྲིག་བཀོད་དྲ་རྒྱ་འཐུས་ཚང་དུ་གཏོང་བ། འཛད་སྤྱོད་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད།
མཛུབ་ཁྲིད་བསམ་འཆར་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ཟོག་ཉོ་ཚོང་ཁྲོམ་ར་རིག་ནུས་ཅན་གྱི་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས། གློག་རྡུལ་བསྡོམས་རྩིས་དང་རིག་ནུས་ལྗིད་ཚད་འཇལ་བ། ཚོར་མེད་གཏོང་སྤྲོད་དང་ཁུངས་གཏུགས་དོ་དམ་སོགས་གྲངས་འཛིན་ཅན་གྱི་བེད་སྤྱོད་ཁྱབ་གདལ་གཏོང་དགོས། གྲོང་ཁྱེར་གྱི་ཚོང་ལས་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་དང་སིལ་ཚོང་ལས་རིགས་གསར་གཏོད་མཐོ་རུ་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་དགོས། ཚོང་ལས་ཁྲོམ་ཁུལ་རྙིང་པའི་ལས་རིགས་རིམ་སྤོར་ལ་སྐུལ་འདེད་བཏང་ནས་རིག་གནས་གསར་གཏོད་དང་མཚན་མོའི་ཁྲོམ་ར། དར་སྲོལ་སིལ་འཚོང་། བྱིང་སིམ་རྣམ་པའི་ཉམས་ལེན་སོགས་ཁྱད་ལྡན་ལས་རིགས་འཕེལ་རྒྱས་གཏོང་དགོས། སྐར་མ་བཅོ་ལྔའི་དམངས་བདེ་འཚོ་བའི་ཁུལ་རྒྱ་ཆེར་གཏོང་རྒྱུ་དང་རིམ་སྤོར་བྱས་ཏེ། སྟབས་བདེའི་ཚོང་ཁང་དང་སོས་ཟས་སྒོ་རྩིས་ཚོང་ཁང་། སྔོ་ཚལ་ཚོང་ར་སོགས་སྡེ་ཁུལ་གྱི་དམངས་བདེ་ཚོང་ལས་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཡུལ་བབ་དང་བསྟུན་ནས་ལུས་སྦྱོང་ཁང་དང་ཆུ་ཐོག་ལུས་རྩལ་ལྟེ་གནས་སོགས་ལུས་རྩལ་ལུས་སྦྱོང་སྤྲོ་གསེང་གི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་བསྔགས་སྐུལ་བྱེད་དགོས། ཁྱིམ་སྡོད་རྣམ་པའི་རིག་ནུས་ཐོན་རྫས་དང་རིག་ནུས་ལྟ་སྐྱོང་སྒྲིག་ཆས་སོགས་བེད་སྤྱོད་ཁྱབ་གདལ་གཏོང་དགོས། ཆ་སྡེབ་སྒྲིག་ཆས་མི་འདང་བའི་ཚོང་ལས་ཁྲོམ་ཁུལ་དང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི། མཛེས་ལྗོངས་ཁུལ། རིག་གནས་ཡུལ་སྐོར་འཛད་སྤྱོད་འདུས་སྡོད་ཁུལ་སོགས་སུ་རླངས་འཁོར་འཇོག་སའི་ཤོང་ཚད་ཇེ་ཆེ་དང་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལངས་གཟུགས་རླངས་འཁོར་འཇོག་ས་འཛུགས་སྐྲུན་བྱེད་དགོས་པ་གསལ་བོར་བཟོས་ཡོད།
འཛད་སྤྱོད་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་ཁྲིད་བསམ་འཆར་ནང་ཚོང་ཟོག་ཉོ་ཚོང་ཁྲོམ་ར་དང་། ཚོང་ལས་ཁྲོམ་ཁུལ། མཛེས་ལྗོངས་ཁུལ་སོགས་འཛད་སྤྱོད་བྱ་ཡུལ་དུ5Gདང་། ཀྲའོ་སྟོང་འོད་དྲ། ཟོག་འབྲེལ་དྲ་རྒྱ། སྤྲིན་རྩིས་བཅས་གཏིང་ཟབ་ངང་ཁྱབ་རྒྱུར་སྐུལ་འདེད་བཏང་ནས། མྱུར་བགྲོད་དྲ་རྒྱ་ཤར་གཏོང་ཐུབ་པ་དང་། ལས་སྒོའི་རིག་ནུས་ཤེས་རྟོགས། ཁྱབ་ཁོངས་ཡོངས་སུ་གྲངས་གཞི་ཕན་ཚུན་སྤེལ་རེས་ཐུབ་པ་མངོན་འགྱུར་བྱེད་དགོས། རིག་ནུས་ཚོང་ཁུལ་དང་། རིག་ནུས་ཚོང་ར། རིག་ནུས་ཚོང་ཁང་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། འཛད་སྤྱོད་མཐའ་སྣེ་རིག་ནུས་ཅན་གྱི་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རིག་ནུས་དངུལ་བསྡུ་དང་རང་འདེམས་ཞབས་ཞུའི་མཐའ་སྣེ། རིག་ནུས་གློག་རྡུལ་རིན་གོང་བྱང་བུ་སོགས་ཀྱི་སྒྲིག་ཆས་ཁྱབ་གདལ་གཏོང་དགོས། ལྗང་མདོག་ཁྲོམ་ར་དང་ལྗང་མདོག་ཁྲོམ་ཁུལ། ལྗང་མདོག་ཚོང་ར། ལྗང་མདོག་མགྲོན་ཁང་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། འཛད་སྤྱོད་བྱ་ཡུལ་སྣ་ཚོགས་སུ་ནུས་རྒྱུ་གྲོན་ཆུང་དང་ཐཱན་འབེབས་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད། །