མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་ཁྲིམས་འགལ་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འགྲོ་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ལམ།   ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་གིས་ཁྲིམས་འགལ་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འགྲོ་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ།    ཁྲིམས་འགལ་ངང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ་འགྲོ་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་སོགས་ཕྱོགས་ཀྱི་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་བསྒྲགས་བྱས།  

2026ལོའི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་ཆེད་དམིགས་བཅའ་ཁྲིམས་ཐོག་མ་ཡིན་པ་དང་།  2026ལོའི་ཟླ8པའི་ཚེས15ཉིན་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ནི་རང་རྒྱལ་གྱི“ཁྲིམས་གཞུང”ཞེས་པའི་མིང་བཏགས་པའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཀྱི་བཅའ་ཁྲིམས་གཉིས་པ་ཡིན་ལ།    བཅའ་ཁྲིམས་དེ་གཉིས་ལག་བསྟར་བྱས་པ་དེས་རྒྱལ་ཁབ་སྤྱི་གླིང་གི་ཕྱོགས་བསྡུས་ཁྲིམས་བསྟར་ཐད་བཅའ་ཁྲིམས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད་པ་མ་ཟད།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་ཁྲིམས་སྐྱོང་ཅན་གྱི་སྲུང་སྐྱོབ་དུས་རིམ་དུ་སླེབས་པའང་མཚོན་ཡོད། 

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཏང་ཨུའི་ཨུ་ཡོན།   ཅུས་ཀྲང་གཞོན་པ།   ལིའུ་ཀྲི་ཞང་གིས་བཤད་རྒྱུར།

ཆོག་མཆན་མ་ཐོབ་པར་རང་འདོད་ལྟར་རྒྱལ་ཁབ་སྤྱི་གླིང་དུ་འགྲོ་བ་དང་མྱུལ་དཔྱད་བྱེད་པ།  རྐང་ཐང་དུ་འགྲོ་བ།   བྱེས་བགྲོད།  པར་ལེན་པ་སོགས་དགོས་མེད་ཀྱི་བྱེད་སྒོ་སྤེལ་བ་དེས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས་ཁྲིམས་སྲོལ་ལ་རྒྱབ་འགལ་བྱས་ཡོད་པ་མ་ཟད།   རྒྱལ་ཁབ་སྤྱི་གླིང་གི་ཉམས་ཞན་པའི་སྐྱེ་ཁམས་ཁོར་ཡུག་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ནས། རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་འཚོ་གནས་ལ་གཏོར་བརླག་ཐེབས་པ་དང་།   རང་བྱུང་སྐྱེ་ཁམས་ཀྱི་འཕེལ་རིམ་ལ་འགོག་རྐྱེན་བཟོས་པ་ལས་གཞན།  ད་རུང་ས་ཁོངས་ནང་གི་རང་བྱུང་ཆ་རྐྱེན་ཞན་པ་དང་།  འཕྲིན་གཏོང་དང་འགྲིམ་འགྲུལ་སྟབས་མི་བདེ་བ།   རོགས་སྐྱོབ་འགན་སྲུང་བྱེད་ཐབས་མི་འདང་བ་སོགས་ཀྱི་དབང་གིས་རྒྱལ་ཁབ་སྤྱི་གླིང་དུ་འགྲོ་མཁན་རང་སྟེང་གི་ཚེ་སྲོག་བདེ་འཇགས་ལའང་འཇིགས་སྐུལ་ཚབས་ཆེན་བཟོ་སྲིད།

“ཀྲུང་ཧྭའི་ཆུ་གཏེར”ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཏེ།    མཚོ་སྔོན་གྱིས་མཐུན་སྦྱོར་ལམ་ལུགས་ཀྱི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་བ་དང་།   ཁྲིམས་འགལ་ངང་རྒྱལ་ཁབ་སྤྱི་གླིང་དུ་འགྲོ་བའི་ཉེན་ཁར་དམིགས་ནས།   མ་ལག་ཚང་བའི་དོ་དམ་ཚོད་འཛིན་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་།   སྲིད་འཛིན་དང་ཁྲིམས་འཛིན།   ཞིབ་དཔྱོད།   གླིང་ཁུལ་སོགས་ཕྱོགས་མང་མཉམ་འགུལ་ལ་ཤུགས་བསྣན་པར་མ་ཟད།  “འབྱུང་ཁུངས་ནས་སྔོན་འགོག་དང་སྔོན་ལ་ཐག་གཅོད་པ།   མཐུན་སྦྱོར་ངང་རྡུང་རྡེག་གཏོང་བ”བཅས་ཀྱི་གཞི་གཅིག་ཅན་གྱི་བཅོས་སྐྱོང་རྣམ་པ་བསྐྲུན་ཏེ།   རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་བཙུགས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཏང་ཨུའི་ཨུ་ཡོན།   ཅུས་ཀྲང་གཞོན་པ།   ལིའུ་ཀྲི་ཞང་གིས་བཤད་རྒྱུར། 

ཆོག་མཆན་མ་ཐོབ་པར་རང་འདོད་ལྟར་སྲུང་སྐྱོབ་ཁུལ་གཙོ་བོ་དང་སྤྱིར་བཏང་གི་ཚོད་འཛིན་ཁུལ་དུ་སོང་ནས།   སྒྲིག་འགལ་ངང་མི་གཞན་རྩ་འཛུགས་དང་བསྡུ་རུབ་བྱས་ཏེ་འཕྲེད་བརྒལ་དང་མྱུལ་དཔྱད་སོགས་ཀྱི་བྱ་སྤྱོད་སྤེལ་བར་དམིགས་ནས།   བྱ་སྤྱོད་ཀྱི་ངོ་བོ་གཏན་འཁེལ་དང་སྲིད་འཛིན་ཆད་གཅོད།   སྐྱེ་ཁམས་གནོད་འཚེའི་གུན་གསབ།  དམངས་དོན་སྤྱི་ཕན་གཏུག་བཤེར་བཅས་ནས་ཉེས་དོན་འགན་འཁྲི་བདའ་འདེད་དང་།  ཞུ་གཏུག་མ་བྱས་གོང་གི་བཀག་སྡོམ་བཀའ་རྒྱའི་བར་མ་ལག་ལྡན་ཞིང་ཆ་ཚང་བའི་སྒོ་ནས་གཏན་འབེབས་བྱས་ཡོད།

​ཞིང་ཆེན་ཞིབ་དཔྱོད་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བའི་ལོ་ཡི་འགུལ་སྐྱོད་ལ་བརྟེན་ནས།   སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་དང་། སྐྱེ་ཁམས་གནོད་འཚེའི་གུན་གསབ་དང་སྤྱི་ཕན་གཏུག་བཤེར་སྦྲེལ་མཐུད་རྐྱེན་སྲོལ་བཙུགས་ནས་འཐུས་ཚང་དུ་བཏང་བ་དང་།   “སྲིད་འཛིན་ཞིབ་བཤེར་ཐག་གཅོད་དང་ཉེས་དོན་རྡུང་རྡེག   སྤྱི་ཕན་སྲུང་སྐྱོབ།   སྐྱེ་ཁམས་སླར་གསོ”བཀག་སྡོམ་བཅོས་སྐྱོང་མ་ལག་བཙུགས་ལ།     དུས་མཚུངས་སུ་སྡེ་ཁག་མང་པོ་དང་མཉམ་འབྲེལ་བྱས་ཏེ།   དཔེ་མཚོན་གྱོད་གཞི་ཁྱབ་བསྒྲགས་བྱས་ནས་གྱོད་གཞིར་བརྟེན་ཏེ་བཅའ་ཁྲིམས་འགྲེལ་བཤད་བྱས་པ་དང་།   སྤྱི་ཕན་དྲིལ་སྒྲོག་བརྙན་རིས་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ།   སྤྱི་དམངས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།