ལི་ཆང་གིས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱིའི་ལས་འཛིན་པར་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚེས4ཉིན་པེ་ཅིང་ནས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཏེང་ཧུང་སིན་ལ་མཇལ་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་གཉིས་ཀྱིས་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ཡོད། མིག་སྔར་འཛམ་གླིང་གི་དཔལ་འབྱོར་འཕེལ་ཤུགས་ཞན་པ་དང་། ཤེས་བྱའི་བདག་དབང་གི་རིན་ཐང་སྔར་ལས་མངོན་གསལ་དོད་པོར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ་དང་། ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་གི་གསར་གཏོད་འཕེལ་རྒྱས་ཀྱི་ཆེད་དུ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ཤེས་བྱའི་བདག་དབང་བཅོས་སྐྱོང་ཁྲོད་ནུས་པ་སྔར་ལས་ཆེ་བ་འདོན་པ་དང་།  གོ་ལ་ཧྲིལ་པོའི་ཤེས་བྱའི་བདག་དབང་ཞབས་ཞུའི་མ་ལག་དེང་རབས་ཅན་གྱི་བཅོས་བསྒྱུར་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཁ་ཕྱོགས་པའི་ནུས་པ་འཛུགས་སྐྱོང་གི་མཉམ་ལས་སྤེལ་འདོད་ཡོད།  འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཤེས་བྱའི་བདག་དབང་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་རེ་བ་བཅངས་ཡོད།

ཏེང་ཧུང་སིན་གྱིས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་།  གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི་དང་གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་དོན་འཁྱོལ་བྱས་ནས་ཚན་རྩལ་གསར་གཏོད་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།