རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དོན་ལྔ་པ་ཚོགས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་དོན་ལྔ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་ཤིང་།  ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་འགོ་འཛིན་མཛད།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞིན་ཁྲུན་དབྱིན་གྱིས་ཕུལ་བའི་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ་དང་།  ལྷོ་སྣེའི་བྱེད་སྒོ་དང་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ།  ཆུའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ།  རྒྱལ་མཚམས་བརྒལ་བའི་རུལ་སུངས་ལ་རྒོལ་བའི་བཅའ་ཁྲིམས་འཆར་ཟིན་བཟོ་བཅོས་བསམ་འཆར་སྐོར་གྱི་སྙན་ཞུ།  གློ་བུར་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས་སོགས་བཅའ་ཁྲིམས15ཡི་བཟོ་བཅོས་མ་ཟིན་འཆར་ཟིན་ལ་གྲོས་ཞིབ་བྱས་འབྲས་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་།  འབྲེལ་ཡོད་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་དང་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ལོའུ་ཆིན་ཅན་གྱིས་ཕུལ་བའི《འཛམ་གླིང་གི་མི་ཐབས་རིག་ནུས་མཉམ་ལས་རྩ་འཛུགས་འཛུགས་རྒྱུའི་སྐོར་གྱི་གྲོས་མཐུན》ལ་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།  གྲོས་ཆོད་དེར་ཆོག་མཆན་འགོད་རྒྱུའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་ཚབ་བྲིས་མ་ཟིན་ལ་གྲོས་ཞིབ་བྱས།

གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆིཡིས་ཕུལ་བའི་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་གི་སྙན་ཞུ་དང་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་ཚུལ་སྐོར་གྱི་སྙན་ཞུ་སོགས་ལ་ཉན།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་གོང་གསལ་གྱི་འཆར་ཟིན་བཟོ་བཅོས་མ་ཡིག་སོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་གྲོས་ཞིབ་ཏུ་འབུལ་རྒྱུ་གཏན་འབེབས་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།