ལི་ཆང་གིས་རྒྱལ་ཡོངས་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་ལེགས་དང་ཀྲུང་གོའི་མེ་ཟོན་བློ་དཀར་སྲུང་དམག་གི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཡོངས་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་ལེགས་དང་ཀྲུང་གོའི་མེ་ཟོན་བློ་དཀར་སྲུང་དམག་གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་ཚོགས།  ཚོགས་འདུ་མ་ཚོགས་གོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་ཞུགས་འཐུས་མིར་མཇལ་འཕྲད་གནང་ནས་མཉམ་པར་བསྐྱོན་པ་མ་ཟད། ཁོ་ཚོར་རྟེན་འབྲེལ་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་མཇལ་འཕྲད་དང་མཉམ་པར་ནང་ཞུགས་རྗེས། གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ནས་གཏམ་བཤད། ཁོང་གིས་ནན་གྱིས་བསྟན་དོན་རྒྱལ་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲལ་བསྟུན་དོ་དམ་སྐོར་གྱི་རྒྱས་བཤད་གལ་ཆེན་དང་བསླབ་བྱ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མཐོ་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་རྒྱུན་འཁྱོངས། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་སེལ་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་བརླིང་ཡོང་བར་སྔར་ལས་འགན་སྲུང་བྱེད་དགོས།  སྔོན་འགོག་གཙོ་བོར་འཛིན་ཤུགས་ཆེ་རུ་གཏོང་བ་དང་། མིག་གཤམ་རིམ་ལ་གཏོད་རྒྱུ་རྒྱུན་འཁྱོངས་བྱེད་པ། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཉེན་ཁ་དང་འགལ་རྐྱེན་གྲལ་བཤེར་བཅོས་སྒྲིག་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། འཕྲལ་བསྟུན་རོགས་སྐྱོབ་ཀྱི་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་འགོག་ཟོན་གྱི་ཚད་ཐིག་བསྲུང་དགོས། ཏང་གིས་འཕྲལ་བསྟུན་དོ་དམ་དཔུང་ཁག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་ཇེ་དམ་དུ་གཏོང་བ། འཇོན་ཐང་ཆེན་པོ་སྦྱོང་བརྡར་བཅས་བྱས་ནས། དཔུང་ཁག་གིས་ཆབ་སྲིད་ཀྱི་བློ་དཀར་ནམ་ཡང་སྲུང་འཛིན་ཐུབ་རྒྱུར་འགན་ལེན་བྱས་ཏེ། དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་དང་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལས་འགན་ཕྲག་ཏུ་ལེན་དགོས་པ་ནན་གྱིས་བསྟན།

རྒྱལ་སྲིད་ཨུ་ཡོན་ཝུའུ་ཀྲིན་ལུང་མཇལ་འཕྲད་ནང་ཞུགས་ནས་མཉམ་པར་བསྐྱོན།

ཚོགས་འདུའི་ཐོག རྒྱལ་ཡོངས་འཕྲལ་བསྟུན་དོ་དམ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་ལེགས་མི8དང་། རིམ་པ་གཉིས་པའི་དཔའ་བོ་དཔེ་ལེགས་མི19། སྔོན་ཐོན་ཐུན་མོང99།  སྔོན་ཐོན་མི་སྒེར197། “ཀྲུང་གོའི་མེ་ཟོན་གྱི་བློ་དཀར་སྲུང་དམག”20།  དེ་བཞིན་རྒྱལ་ཡོངས་ཀྱི119མེ་ཟོན་བྱ་དགའ་ཐོབ་པའི་སྔོན་ཐོན་ཐུན་མོང118དང་། སྔོན་ཐོན་མི་སྒེར157བཅས་ལ་གཟེངས་བསྟོད་ཐོབ། གཟེངས་བསྟོད་ཐོབ་པའི་འཐུས་མི་དྲུག་གིས་ཚོགས་ཆེན་ཐོག་གཏམ་བཤད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།