ཚེས་ལྔ་ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་ལྔ་པར་ཟུར་ཞུགས་བྱས་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་སྣེ་ཁྲིད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱས་ཏེ། རང་ངོས་ཀྱི་བསམ་བློ་ཆབ་སྲིད་དང་སྒྲིག་ཁྲིམས་སྤྱོད་ཚུལ་འཛུགས་རྒྱུར་ཤུགས་བསྣན་ནས། ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་དགོས།
བཞུགས་མོལ་ཚོགས་འདུའི་སྟེང་འཐུས་མི་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ནས་བྱ་བ་དངོས་དང་ཟུང་འབྲེལ་གྱིས་གཏམ་བཤད་གནང་། ཀྲའོ་ལེ་ཅི་ཡིས་ནན་ཏན་གྱིས་ཉན་ཞིང་འཐུས་མི་དང་བརྗེ་རེས་གཏིང་ཟབ་གནང་།
ཀྲའོ་ལེ་ཅི་ཡིས་བསྟན་དོན། དམངས་ཆེན་འཐུས་མིས་དམངས་ཆེན་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དམ་པོར་ངེས་དགོས་ལ། རང་རྟོགས་སྒོས་ཏང་གི་ཕྱོགས་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། འགུལ་སྐྱོད་དངོས་ཀྱིས“གཏན་འཁེལ་གཉིས”ལ་གོང་བཀུར་དང་། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་བསྟུན་པ་དང་ཞབས་ཞུ་སྒྲུབ་པ་དེ་རང་འགན་གཙང་སྒྲུབ་ཀྱི་བརྒྱུད་རིམ་ཡོངས་སུ་མཚོན་པར་བྱེད་དགོས། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་རྟོགས་ཀྱིས་བསམ་བློའི་ངོས་འཛིན་ཆེར་སྐྱེད་དང་ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་བཅས་གཏོང་དགོས། དམངས་ཆེན་འཐུས་མིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ཏུ་བསྟར་དགོས། མི་དམངས་ཀྱི་ཁྲོད་ནས་ཡོང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། བྱེད་ཐབས་སྣ་མང་བརྒྱུད་དེ་མང་ཚོགས་ཀྱི་འདོད་བློ་དང་རེ་འབོད་ལ་ཉན་པ་དང་ལན་སྤྲོད་དགོས་ཤིང་། དམངས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ། དམངས་ཀྱི་བློ་གྲོས་བཅས་འབྲེལ་ཡོད་གྲོས་གཞི་དང་གྲོས་འགོ གྲོས་ཞིབ། གཏམ་བཤད་བཅས་ཀྱི་ཁྲོད་དུ་མཚོན་པར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་མི་དམངས་མང་ཚོགས་བར་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ་བྱེད་དགོས།
ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། དམངས་ཆེན་འཐུས་མིས་རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་འཐུས་མིའི་ཁེ་དབང་འོས་འགན་དང་ལས་འགན་སྒྲུབ་པའི་ནང་དོན་གྱི་གོ་རིམ་བཅས་བརྩི་སྲུང་ནན་མོ་བྱས་ཏེ། ནན་ཏན་སྒོས་གྲོས་གཞི་དང་སྙན་ཞུར་གྲོས་ཞིབ་བྱས་ནས་བསམ་འཆར་དང་གྲོས་གཞི་འདོན་དགོས། ཁྲིམས་ལྟར་ཚོགས་འདུ་མཇུག་སྒྲིལ་སྐབས་ཀྱི་བྱེད་སྒོ་སྤེལ་བ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་ཧུར་ཐག་གིས་ཞུགས་དགོས། དམངས་ཆེན་འཐུས་མིས་སྤྱོད་གཙང་སྤྱི་གཞོལ་གྱི་སྣང་བརྙན་བཟང་པོ་སྟོན་དགོས། རང་རྟོགས་སྒོས་ཁྲིམས་བརྩི་བ་དང་ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་མིག་དཔེ་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཧུར་ཐག་གིས་ཞུགས་དགོས་ཤིང་། སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་སྤྱོད་གཙང་རང་གཅུན་བྱས་ནས། རང་རྟོགས་སྒོས་དེ་སྔའི་འདེམས་བསྐོ་ལས་ཁུངས་དང་དང་མི་དམངས་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས།
ལི་ཧུང་ཀྲུང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས།