རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་སྐབས་དྲུག་པ་ཀྲུང་གོའི་ཧང་ཀྲོའུ་རུ་ཚོགས་འགོ་བརྩམས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་སྐབས་དྲུག་པ་ཟླ11པའི་ཚེས5ཉིན་ཀྲུང་གོའི་ཀྲེ་ཅང་ཧང་ཀྲོའུ་རུ་ཚོགས་འགོ་བརྩམས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཤིས་འཕྲིན་སྤྲིངས་ཏེ།  གླེང་སྟེགས་བསྡུས་པར་རྟེན་འབྲེལ་ཞུས་ཤིང་། གླེང་སྟེགས་ལ་ཞུགས་པའི་སྐུ་མགྲོན་རྣམས་ལ་འཚམས་འདྲི་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏའོ་ལུགས་ནི་ཀྲུང་ཧྭའི་ས་གཞི་ཆེན་པོ་ནས་བྱུང་ཞིང་། དེའི་ཁྲོད་ཀྲུང་ཧྭའི་ཤེས་རིག་གི་བློ་གྲོས་འདུས་ཡོད།  ཏའོ་ལུགས་རིག་གནས་ཁྲོད་ཀྱི་ཡར་ཐོན་དང་བཟང་ཕྱོགས་སུ་སྙེག་པའི་རིན་ཐང་ལྟ་བས་སྤྱི་ཚོགས་འཆམ་མཐུན་དང་འཛམ་གླིང་ཞི་བདེ་ཡོང་བར་རིག་གནས་ཀྱི་ཐོན་ཁུངས་གྱ་ནོམ་པ་འདོན་སྤྲོད་བྱས་པས་ཀུན་གྱིས་ཁས་ལེན་རྒྱ་ཆེན་ཐོབ་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲོས་འགོ་བཅས་ལག་ཏུ་བསྟར་བཞིན་ཡོད། ཀྲུང་གོའི་ཏའོ་ལུགས་ལས་རིགས་ཁག་གིས་རང་ཚུགས་རང་བདག་དང་འདྲ་མཉམ་མཛའ་མཐུན། ཕན་ཚུན་བརྩི་འཇོག་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་སྤྱིའི་གླེང་མོལ་དང་སྤེལ་རེས་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།  ད་ལྟའི་བར་རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་སྐབས་ལྔ་བདེ་བླག་ངང་ཚོགས་ནས་རྒྱལ་ཁབ་ཕྱི་ནང་ལ་ཤུགས་རྐྱེན་རྒྱ་ཆེན་ཐེབས། ལྷག་པར་དུ2023ལོར་འཛམ་གླིང་ཏའོ་ལུགས་མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནས་བཟུང་། རྒྱལ་སྤྱིའི་སྤེལ་རེས་དང་གསུང་རབ་ཡིག་སྒྱུར། ཤེས་ལྡན་མི་སྣ་སྐྱེད་སྲིང་སོགས་ཀྱི་ཐད་ནས་ཕན་ནུས་ལྡན་པའི་བྱ་བ་འབོར་ཆེན་བསྒྲུབས་ཡོད། རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་དང་འཛམ་གླིང་ཏའོ་ལུགས་མཉམ་འབྲེལ་ལྷན་ཚོགས་དེ་གོ་ལ་ཧྲིལ་པོའི་ཏའོ་ལུགས་ལས་རིགས་ཁག་བར་སྤེལ་རེས་དང་མིག་དཔེ་བལྟ་སའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཏའོ་ལུགས་ཀྱི་བློ་གྲོས་རྒྱས་བཤད་དང་འདྲ་མཉམ་གླེང་མོལ་བྱེད་པར་སྐུལ་སྤེལ། ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ཐད་ནས་དགེ་མཚན་ལྡན་པའི་ནུས་པ་ཐོན།  སྐབས་འདིའི་གླེང་སྟེགས་ཀྱིས“ཏའོ་ལུགས་ལས་ཀུན་སྤྱོད་སྐྱོང་བ་དང་གནམ་འོག་འཆམ་མཐུན”ཞེས་པ་བརྗོད་དོན་བྱས་ལ། དེ་ནི་མིའི་རིགས་ཀྱིས་ཞི་བདེ་འཕེལ་རྒྱས་ལ་བཅངས་པའི་ཐུན་མོང་གི་རེ་སྒུག་དང་མཐུན།  རྒྱལ་ཁབ་ཕྱི་ནང་གི་ཏའོ་ལུགས་ལས་རིགས་ཁག་གི་མི་སྣས་རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་དེ་ལས་སྟེགས་ཀྱི་ཚུལ་དང་རིག་གནས་སྤེལ་རེས་ཀྱི་སྦྲེལ་ཟམ་གྱི་ཚུལ་དུ་བྱས་ཤིང་། ཏའོ་ལུགས་རིག་གནས་ཀྱི་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ཏེ།  འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་སྤེལ་དང་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད་པ་བསྟན།

ལི་ཀན་ཅེ་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ། 

རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་སྐབས་དྲུག་པ་ནི་འཛམ་གླིང་ཏའོ་ལུགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་ཧྭའི་ཆོས་ལུགས་རིག་གནས་སྤེལ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་སྤྱིའི་ཏའོ་ལུགས་གླེང་སྟེགས་སྐབས་དྲུག་པའི་ཀྲེ་ཅང་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་འགན་སྒྲུབ་བྱས། རྒྱལ་ཁབ་དང་ས་ཁུལ46ནས་ཡོང་བའི་ཏའོ་ལུགས་ལས་རིགས་ཀྱི་འཐུས་མི་དང་སློབ་གཉེར་བ500ཡས་མས་ཞུགས་ཡོད། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།