ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་སྐབས་དགུ་པ་དང་ཧོང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་གླེང་སྟེགས་ཚེས5ཉིན་ཧྲང་ཧའེ་རུ་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་ཚོགས་འདུར་ཞུགས་ཏེ་བརྗོད་དོན་གསུང་བཤད་གནང་།
ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཐེངས་མང་ཞུགས་ཏེ་བརྗོད་དོན་གསུང་བཤད་གནང་སྟེ། ཀྲུང་གོས་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་སྲུང་སྐྱོང་དང་རང་མོས་ཉོ་ཚོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལངས་ཕྱོགས་བརྟན་པོ་རྒྱས་བཤད་གནང་བ་དང་། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ཁྱབ་བསྒྲགས་གནང་སྟེ། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཞིང་་། རྒྱུན་ཆད་མེད་པའི་སྒུལ་ཤུགས་འདོན་སྤྲོད་བྱས་པ་རེད་། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ནང་འདྲེན་དངོས་མང་འགྲེམ་ཚོགས་སྔར་ལས་ཡག་པོར་གཉེར་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།
ཏིང་ཞུའེ་ཞང་གིས་ཉོ་ཚོང་དོ་མཉམ་ཡོང་བར་དམིགས་ནས་ལྟ་ཚུལ་བཞི་བཏོན། གཅིག་ནི་ཚོང་ར་མཉམ་སྤྱོད་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་སྦྲེལ་མཐུད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། རྒྱལ་ཁབ་སོ་སོའི་དགེ་མཚན་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། ཐུན་མོང་གི་ཁེ་ཕན་མཉམ་དུ་ཆེ་རུ་གཏོང་བའི་གོ་རིམ་ཁྲོད་དོ་མཉམ་ཡོང་བར་སྐུལ་སྤེལ་གཏོང་དགོས། གཉིས་ནི་དངུལ་འཇོག་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐོན་ལས་ཀྱི་རྒྱལ་ཁོངས་བརྒལ་བའི་བཀོད་སྒྲིག་ལེགས་སུ་གཏོང་དགོས། ཁེ་ལས་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ནས་གོ་ལ་ཧྲིལ་པོའི་ཐོན་ལས་དང་མཁོ་སྤྲོད་ཀྱི་མུ་ཕྲེང་ནང་འདྲེས་པའི་གོ་རིམ་ཁྲོད་དོ་མཉམ་ཡོང་བར་སྐུལ་སྤེལ་གཏོང་དགོས། གསུམ་ནི་གསར་གཏོད་ཀྱིས་ནུས་པ་སྩོལ་བར་ཤུགས་སྣོན་དང་མཁོ་སྤྲོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཉོ་ཚོང་གི་མཐའ་མཚམས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་དོ་མཉམ་ཡོང་བར་སྐུལ་སྤེལ་གཏོང་དགོས། བཞི་ནི་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕན་ཚུན་བར་གྱི་ལུགས་མཐུན་དོ་ཁུར་ལ་ལྟ་སྐྱོང་གང་ལེགས་བྱེད་པ། གྲོས་མོལ་བྱས་ནས་འགལ་བ་སེལ་བ་བཅས་བྱས་ཏེ། འགག་རྡོ་གཏོར་བའི་གོ་རིམ་ཁྲོད་དོ་མཉམ་ཡོང་བར་སྐུལ་སྤེལ་གཏོང་དགོས།
ཀ་པོན་གྱི་སྲིད་འཛིན་ཨེན་ཀུའེ་མ་དང་། ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཧྲི་ཐའོ་ཁི་ཨར། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་འགོ་གཙོ་ཏི་ཁི་ལའོ་བཅས་འགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་ཕུལ།
འགོ་རྩོམ་མཛད་སྒོ་མ་སྤེལ་གོང་ཏིང་ཞུའེ་ཞང་གིས་ཁེ་ལས་འགྲེམ་སྟོན་ལ་གཟིགས་སྐོར་གནང་། འགོ་རྩོམ་མཛད་སྒོའི་རྗེས་སུ་ཏིང་ཞུའེ་ཞང་གིས་ཚོགས་ཞུགས་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་མཉམ་དུ་འགྲེམ་སྟོན་ཁང་ལ་སྐོར་ཞིབ་གནང་།
ཧྲང་ཧའེ་རུ་སྡོད་སྐབས། ཏིང་ཞུའེ་ཞང་གིས་ལི་པེ་རི་ཡའི་སྲིད་འཛིན་གཞོན་པ་ཁང་ཀི་དང་། ཀི་ལུའུ་ཅི་ཡའི་ཙུང་ལི་གཞོན་པ་ཁི་ཧྥུའུ་ལི་ཝེ་ཧྲི་ཝེ་ལི། ཁུ་པའི་ཙུང་ལི་གཞོན་པ་ཕའེ་ལེ་སི་.ཨའོ་ལི་ཝ། སི་ལོ་ཝ་ཁེ་ཡི་ཙུང་ལི་གཞོན་པ་སཱ་ཁི་ཝ། མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་འགོ་གཙོ་ཏི་ཁི་ལུའོ་བཅས་ལ་སོ་སོར་མཇལ་འཕྲད་གནང་། ཏིང་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་གཏོང་བ། དངོས་སྒྲུབ་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལོན་པར་བྱས་ནས། འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད།
ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གལ་ཆེན་གྱིས་ཀྲུང་གོས་སྒོ་འབྱེད་དང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་ཁབ་སོ་སོ་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱས་ཏེ། འཛམ་གླིང་གི་དཔལ་འབྱོར་དོ་མཉམ་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་ནུས་པ་གལ་ཆེན་བཏོན་པར་བསྔགས་བརྗོད་ཆེན་པོ་བྱས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། གཉིས་ཕན་མཉམ་རྒྱལ་སྔར་ལས་ལེགས་པོ་ཡོང་རྒྱུར་རེ་བ་བཅངས་ཡོད།
ཁྲེན་ཅི་ཉིན་འབྲེལ་ཡོད་མཇལ་འཕྲད་ལ་ཞུགས།