མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས། ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ11པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཡིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཞིར་བཟུང་ནས། སྲིད་གཞུང་བྱ་བའི་སྙན་ཞུའི་གཙོ་གནད་ལས་འགན་དོན་འཁྱོལ་དང་། དམངས་འཚོའི་དོན་དངོས་བཟོ་སྐྲུན། ཚོང་འགུག་དངུལ་འདྲེན་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ཟླ10པའི་ཚེས23ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། མི་འབོར་འཕེལ་རྒྱས་འགྲོ་ཕྱོགས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། མི་འབོར་ཁྱབ་ཚུལ་དང་ཐོན་སྐྱེད་ནུས་ཤུགས་བཀོད་སྒྲིག སྤྱི་པའི་ཞབས་ཞུ་བཀོད་སྒྲིག་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ་དང་། མགྱོགས་མྱུར་སྒོས་བུ་བཙའི་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱས་ཏེ། དངུལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞབས་ཞུའི་ལས་རིགས་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་བྱེད་དགོས། 

  ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་བྱ་བའི་འགན་འཁྲི་གཟབ་ནན་དུ་གཏོང་བ། ཕན་འབྲས་རྗེས་སྙེག་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་ལས་འགན་གཙོ་བོ་དང2026ལོའི་དམངས་འཚོའི་དོན་དངོས་བཟོ་སྐྲུན་དོན་འཁྱོལ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཁས་བླངས་པའི་དམ་བཅའ་ལག་བསྟར་ནན་ཏན་བྱས། སང་ལོའི་དམངས་འཚོའི་ལས་གཞི་གལ་ཆེན་འཚོལ་ཞིབ་གཏིང་ཟབ་བྱས་ནས། ཐབས་ལམ་མང་པོའི་ཐོག་ནས་མང་ཚོགས་ཀྱི་བསམ་འདུན་ལ་ཉན་པ་དང་། མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་དང་གནད་འཁེལ་སྦྲེལ་མཐུད་བྱས་ཏེ། བྱ་བ་སྒྲུབ་པ་མང་ཚོགས་ཀྱི་བློ་ལ་འབབ་ཐུབ་པར་བྱེད་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན་ལ་གཞི་ཚུགས་ཏེ། དག་གཙང་ནུས་ཁུངས་དང་། ཚྭ་མཚོའི་ཐོན་ཁུངས། ལྗང་མདོག་རྩིས་ནུས་སོགས་དགེ་མཚན་ལྡན་པའི་ཁྱབ་ཁོངས་ལ་དམིགས་ནས། ཚོང་འགུག་རྣམ་པ་མུ་མཐུད་ལེགས་སྒྱུར་བྱེད་དགོས་པ་དང་། ལས་གཞི་རྐྱང་པའི་ཚོང་འགུག་ཐོན་ལས་དེ་སྐྱེ་ཁམས་སྐྱེད་སྲིང་འཕེལ་རྒྱས་ཐད་སྐུལ་འདེད་གཏོང་དགོས། ལས་གཞི་དོན་འཁྱོལ་དང་ཚུལ་སྒྱུར་ལ་དམིགས་ཏེ། ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། བདག་རྐྱེན་འགན་སྲུང་ལ་ཤུགས་སྣོན་པ་དང་དཔྱད་ཞིབ་ལ་ཤུགས་བསྣན་ནས། ཕན་འབྲས་འདྲི་རྒྱུར་ཤུགས་བསྣན་ཏེ་ཚོང་འགུག་དངུལ་འདྲེན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ཚོགས་འདུ་ལས《མཚོ་སྔོན་ཞིང་ཆེན་གྱིས་ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། རྨང་གཞི་མེད་པའི་སྔོན་རྩིས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། ནོར་སྲིད་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་དང་དམངས་འཚོའི་དོན་དངོས་འགན་སྲུང་བྱེད་པ། ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། 

ཚོགས་འདུ་ལས་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།