ལོ་རྒྱུས་ལས་མ་འོངས་འབྱུང་འགྱུར་མངོན། འབད་འཐབ་ཀྱིས་བྱ་གཞག་རླབས་ཆེན་འགྲུབ།
——ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།
ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་ངང་སྐུལ་འདེད་གཏོང་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་ད་ལྟ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང《ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བརྒྱུད་གྲོས་འཆམ་བྱུང་བ་དང་། ཏང་ཡོངས་ཀྱིས“ཧུར་བརྩོན་རྒྱལ་སྐྱོང་དང་། ཤུགས་སྐྱེད་སྟོབས་སྤེལ། འབད་པ་ལྷོད་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པར་ཏང་དོ་དམ་དང་ཏང་ནན་སྐྱོང་། ཏང་དར་རྒྱས། ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་འབོད་སྐུལ་བཏང་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་མོ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་ཡང་དག་པར་ཁོང་དུ་ཆུད་པ་བྱས་ཏེ། 《ཆོད་དོན》གྱི་བཀོད་སྒྲིག་ཁག་གི་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱ་དགོས།
ལོ་རྒྱུས་ལས་མ་འོངས་འབྱུང་འགྱུར་མངོན། འབད་འཐབ་ཀྱིས་བྱ་གཞག་རླབས་ཆེན་འགྲུབ།
གཡོར་གྲུ་དམར་པོ་ནས་བརྗིད་ཉམས་ཆེ་བའི་གྲུ་གཟིངས་ཆེན་པོའི་བར་གྱི་ལོ་ངོ105རིང་ལ་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ང་ཚོའི་ཏང་འདི་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་སྐྱོང་ཏང་ཆེ་ཤོས་ཏུ་ཇི་ལྟར་འཕེལ་བ་དང་། མི་དམངས་བར་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ཞིང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཐོག་གི་བརྗིད་ཉམས་ཆེ་ཤོས་ཀྱི་ལོ་རྒྱུས་སྙན་ངག་ཇི་ལྟར་བྲིས་པ་རེད་ཅེ་ན། བདེན་པ་དོན་གཉེར་ལ་འགྱུར་མེད་དམ་བཅའ་བཞག་སྟེ། དུས་དང་རྣམ་པ་ཀུན་ཏུ་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་བཟུང་བ་དང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་བཙུགས་ཏེ། རྣམ་ཀུན་རྨང་གཞི་བརྟན་པོར་བཏིངས། ལོ་རྒྱུས་ཀྱི་འགན་འཁྲི་སྤོབས་པ་ཆེན་པོས་ཁུར་དུ་བླངས་ཏེ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་རང་འགུལ་ཁོང་དུ་ཆུད། འཕེལ་རྒྱས་ཀྱི་དར་བབ་དང་བསྟུན་ཏེ། ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོ་པ། འཐབ་རྩོད་ལ་འཇོན་པའི་སྙིང་སྟོབས་ལ་བརྟེན་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་ཁ་ལ་ཡིད་ཆེས་མ་ཆག་པ། རང་ཉིད་སྟོབས་ལྡན་ཡོང་བར་མཐོང་ཆེན་བྱས་ཏེ། རྣམ་ཀུན་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས། འདི་ལྟ་བུའི་ཕུལ་དུ་བྱུང་བའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་བྱེད་ཐུབ་ཅིང་སྒྲུབ་ཕོད་གནད་འགག་གི་གསང་གྲངས་ཡིན། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་ནས་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཇི་ལྟར་གཏོད་དགོས་སམ་ཞེ་ན། འགག་རྩ་ནི་རླབས་ཆེན་གྱི་ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་ཆེན་པོ་དར་སྤེལ་དང་། ཐོག་མཐའ་བར་གསུམ་དུ“དགོས་ངེས་གསུམ”བློ་ལ་བརྟན་པོར་ངེས་ནས་ཏང་གི་ཕུལ་བྱུང་ཁྱད་ཆོས་རྒྱུན་ཆད་མེད་པར་དར་སྤེལ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་བཅས་བཏང་ནས་ང་ཚོའི་ཏང་སྔར་ལས་ལེགས་ལ་སྟོབས་ཆེར་གཏང་རྒྱུ་དེ་ཡིན།
ཏང་གི་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྐང་འཛིན་སྟོབས་ཤུགས་ཡིན་པ་དང་། ཏང་གི་རིམ་ཁག་ཏང་རྩ་འཛུགས་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གྲུབ་ཆ་གཙོ་བོ་ཡིན། དེ་ལས《ཆོད་དོན》གྱི་དགོངས་དོན་ངོ་བོ་དང་ལག་ལེན་ཀྱི་བླང་བྱ་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཁོང་དུ་ཆུད་ཐུབ།
ཏང་གིས་ཏང་ལ་དོ་དམ་བྱ་དགོས་ན་དང་ཐོག་ལས་བྱེད་པར་དོ་དམ་ཡག་པོ་བྱ་དགོས། ཏང་ནན་སྐྱོང་གི་འགག་རྩ་ནི་དཔོན་རིགས་ནན་སྐྱོང་བྱ་རྒྱུ་དེ་ཡིན།
དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཁྲོད་དུ། ལས་བྱེད་པར་དོ་དམ་ནན་པོ་བྱེད་པ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱས་ཏེ། ལྷག་བསམ་རྣམ་པར་དག་ཅིང་འགན་འཁྲི་གཙང་མ་འཁུར་བའི་ལས་བྱེད་པ་བཟང་པོ་འབོར་ཆེན་ཞིག་དུས་ཐོག་ཏུ་བྱུང་ནས་བེད་སྤྱོད་བྱས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱས་པ་དེས་རྩ་བའི་ཐོག་ནས་ལས་བྱེད་པའི་ཧུར་བརྩོན་རང་བཞིན་ལ་སྐུལ་སྤེལ་དང་། ལས་བྱེད་པ་བཟང་པོའི་ཚད་གཞི་བཙུགས་པས། ཚང་མས་ལས་སྒྲུབ་དང་བྱ་གཞག་གསར་གཏོད་ལ་ངར་ཤུགས་ཆེན་པོ་བསྩལ་བ་ཡིན་ཞེས་ཡོངས་ཁྱབ་ཏུ་གྲགས།
“ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་སྲུང་གི་བྱང་ཚད་མཐོ་བའི་ལས་བྱེད་དཔུང་སྡེ་འཛུགས་སྐྱོང་བྱེད་དགོས། ”ཞེས《ཆོད་དོན》གྱིས་མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་ཕོད་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་པའི་བཀོད་སྒྲིག་གལ་ཆེན་ལ་དམིགས་ཏེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པར་བསྔགས་སྐུལ་བྱེད་པའི་ནང་གནས་ཀྱི་གཅིག་གྱུར་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ནས་ལག་ལེན་བསྟར་བ། ལས་སྒྲུབ་བྱ་གཞག་གསར་གཏོད་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལག་ལེན་དང་། མི་དམངས། ལོ་རྒྱུས་ཀྱི་ཞིབ་བཤེར་བཅས་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གིས་གཏོད་དགོས།
རྩ་འཛུགས་ཀྱི་མ་ལག་ཚགས་དམ་པོ་ནི་ཏང་གི་དགེ་མཚན་དང་སྟོབས་ཤུགས་ཡོད་ས་ཡིན། “ཏང་གི་རིམ་ཁག་རྩ་འཛུགས་ཚང་མ་འཐུས་སྒོ་ཚང་ཞིང་། ཚང་མས་ཉམས་སད་ཐུབ་ན། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་ཅན་གྱི་རྩ་འཛུགས་མ་ལག་ཚགས་དམ་ཞིག་ཆགས་ཐུབ་པ་དང་། དེ་ཚེ་ད་གཟོད་ཏང་གི་མགོ་ཁྲིད་དེ་གཞི་ནས‘ལུས་ཀྱིས་དཔུང་བ་སྤྱོད་པ་དང་། དཔུང་བས་མཛུབ་མོ་བཀོལ་བ’བཞིན ”སྣེ་ཁྲིད་ཐུབ།
དཔལ་འབྱོར་བརྟན་པོ་ཡོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད། དབུལ་ཕོངས་ལ་འཐབ་རྩོད་དང་འབྱོར་འབྲིང་འཛུགས་སྐྲུན། རིམས་ནད་ཚོད་འཛིན་དང་གནོད་འཚེ་ཆེན་པོ་འགོག་པ། འགྱུར་བབ་གདོང་ལེན་དང་ཉམས་ཉེན་སེལ་བ……དུས་རབས་གསར་པ་ནས་བཟུང་ང་ཚོའི་ཏང་གིས་མི་དམངས་གྱི་སྣེ་ཁྲིད་དེ་དམག་འཐབ་དྲག་པོ་རེ་རེ་བཞིན་ལ་རྒྱལ་ཁ་ཐོབ་པ་དང་བྱས་རྗེས་ངོ་མཚར་ཅན་རེ་རེ་བཞིན་གཏོད་ཐུབ་པ་ནི་ཏང་ཀྲུང་དབྱང་ཀྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཏང་ཡོངས་མཐུན་སྒྲིལ་བྱས་ནས“སྲ་ཞིང་མཁྲེགས་པའི་ངར་ལྕགས་ཤིག་”ཏུ་གྱུར་པ་དང་། ཆག་པ་ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་རྒྱུན་ཆད་མེད་པར་རྒྱལ་ཁ་ལེན་པའི་ལེགས་ཆར་གྱུར་ཡོད།
ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དང་ཏང་གི་ལས་དོན་ཡོངས་རྫོགས་ཏང་གི་སྲ་ཞིང་བརྟན་པའི་རྩ་འཛུགས་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱ་དགོས། ད་ལྟ“ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱས་ཡོད་ནའང་འདྲ། ཡང་ན་འཕེལ་རྒྱས་དོ་མཉམ་མིན་པ་དང་འདང་ངེས་མིན་པའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་དང་། ཕྱི་རོལ་ཁོར་ཡུག་གི་རླུང་འཚུབ་ཆེ་བའི་འགྲན་སློང་ལ་ཁ་གཏད་འཇལ་བ་ཡིན་ནའང་འདྲ། ཚང་མས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས་སྲིད་ཇུས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བཅས་གོང་འོང་མཉམ་འབྲེལ་གྱིས་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་གནད་ལ་འཁེལ་བ་ཐུབ་པར་འགན་ལེན་བྱེད་དགོས།
《ཆོད་དོན》གྱིས་གོང་འོག་འབྲེལ་མཐུད་དང་། ལག་བསྟར་ནུས་ལྡན་གྱིས་རྩ་འཛུགས་མ་ལག་ཚགས་དམ་པོར་བཟོ་པའི་ལས་གཙིགས་སུ་བཟུང་ནས་བཀོད་སྒྲིག་གལ་ཆེན་བྱས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་ཏན་དང་། རིམ་པ་ཁག་དང་མངའ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་མ་ལག་ཅན་དུ་བསྒྱུར་བར་སྐུལ་འདེད། ཏང་གི་རིམ་པ་ཁག་གི་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བ་དང་ཕྱོགས་ཡོངས་ནས་ཉམས་སད་ཐུབ་པར་སྐུལ་འདེད། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་གསར་གཏོད་བྱེད་ནུས་དང་གོང་བུར་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་རྩ་འཛུགས་བརྟན་པོས་འགན་ལེན་བྱེད་ཐུབ།
“རྒྱལ་ཁབ་ལ་བརྙས་བཅོས་དང་། མི་དམངས་དཀའ་སྡུག་ལ་གཏོད་པ། ཤེས་དཔལ་ཉམས་དམས་སུ་བཏང་བ”ནས་འཛམ་གླིང་སྟེང་དཔལ་འབྱོར་སྒྲིག་སྲོལ་ཆེ་ཤོས་གཉིས་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོ། དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་་དང་པོར་བཅས་སུ་གྱུར་བའི་བར་གྱི……“ལོ་བརྒྱ་ལྷག་ཙམ་རིང་ལ། ཀྲུང་ཧྭའི་ས་གཞི་ཆེན་མོར་འགྱུར་ལྡོག་ཆེན་པོ་བྱུང་བའི་ཁྲོད་དུ། ཏང་གིས་ལོ་རྒྱུས་དང་མི་དམངས་སྟོང་ཟད་དུ་མི་གཏོང་བར་ར་སྤྲོད་གང་ལེགས་བྱས་ཡོད་པས། ཀྲུང་གོའི་བཟོ་པའི་གྲལ་རིམ་གྱི་གདོང་ལེན་རུ་ཁག་དང་། ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་གདོང་ལེན་རུ་ཁག་ཞིག་ཡིན་པར་ངོ་གནོང་མི་དགོས་པར་གྱུར་ཡོད”ཞེས་པ་ནི་ལོ་རྒྱུས་དང་ལག་ལེན་ཀྱི་ཟབ་ཅིང་རྒྱས་པའི་བསྡོམས་ཚིག་ཅིག་རེད།
ལོ་རྒྱུས་ཀྱི་ཟབ་ས་ནས་ཡར་འཕེལ་ཞིང་། མི་རིགས་བསྐྱར་དར་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་སྐབས། ད་ལྟའི་ཀྲུང་གོ་གུང་ཁྲན་ཏང་གིས་ཆར་རླུང་དྲག་པོར་གདོང་གཏད་ཕོད་པའི་ཐོག་མའི་བསམ་འདུན་མི་བསྒྱུར་བ་དང་། དམིགས་འབེན་བརྟན་པོ་དང་དཔའ་གདེད་ཆེན་པོ་སྐྱེད་དེ་མདུན་དུ་སྐྱོད་ཅིང་། གསར་བརྗེའི་སྔོན་བྱོན་པ་གྲངས་མེད་ཅིག་གིས་དེའི་དོན་དུ་འབད་འཐབ་དང་རང་སྲོག་བློས་བཏང་མྱོང་བའི་བརྗིད་ཉམས་ལྡན་པའི་བྱ་གཞག་དེ་དོན་དངོས་སུ་འགྱུར་བཞིན་ཡོད།
རྒྱང་སྐྱོད་གསར་པའི་ལམ་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ཏེ། “འདུ་ཤེས་བཞི”ཇེ་དྲག་དང“རང་རློམ་བཞི”ཇེ་བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་ནས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་ངང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་ལེན་དོན་ཐོག་ཏུ་འཁྱོལ་ཐུབ་ན། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་འབད་འཐབ་གསར་པར་བརྟེན་ནས་རླབས་ཆེན་གྱི་བྱ་གཞག་གསར་པ་གཏོད་ཐུབ་ངེས་རེད།