
ཉེ་ལམ། མཐོ་སྒང་གི་ཉི་འོད་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་ཡུས་ཧྲུའུ་འཆར་ཉོ་ཚོང་ཚད་ཡོད་ཀུང་སིའི་བོད་རིགས་ལག་བཟོས་འདག་ཆལ་ལས་སྒྲུབ་ཁང་གི་སྒེའུ་ཁུང་བརྟོལ་ནས་ནང་དུ་འཕྲོས་ཡོད། ལོ་རབས་དགུ་བཅུ་བའི་ན་གཞོན་བསོད་ནམས་བདེ་སྐྱིད་ཀྱིས་ལུས་ལ་པང་ཁེབས་བརྒྱབ་ནས་ཅོག་ཙེའི་མདུན་དུ་ཙོག་ནས་འདག་ཆལ་ལས་བཞིན་འདུག མར་ཁུ་དལ་གྱིས་འབྲི་མོའི་འོ་མ་ནང་དུ་བླུགས་ཏེ་ཤེལ་གྱི་དབྱུག་པས་འཇམ་པོར་ཡང་ཡང་དཀྲུགས་པ་ན་དེའི་སྟེང་དུ་ཝུ་བ་ཞིག་འཕྱུར་བ་དང་། ནང་དུ་མར་དང་སྦྲང་རྩི་འདྲེས་མའི་དྲི་ཞིམ་ཞིག་འཐུལ་ཡོང་། དེའི་གམ་དུ་ནང་ཆེན་ཚྭ་དམར་འཐག་པའི་ཚྭ་ཕྱེ་དང་བསིལ་སྐམ་འདབ་མ། མཐོ་སྒང་བོད་སྦྲང་གསུམ་བླུགས་ཡོད་པའི་སྡེར་མ་བསྒྲིགས་ཡོད་ལ། དེ་ནི་ཡུས་ཧྲུའུ་ཡི་རྩྭ་ཐང་དང་ཚྭ་མཚོ། མེ་ཏོག་བཅས་ཚང་མ་ལག་བཟོས་འདག་ཆལ་ཆུང་ཆུང་ཞིག་གི་སྟེང་དུ་ཉིང་བསྡུས་བྱས་ཡོད་པ་དང་མཚུངས།
“དྲོད་ཚད་མཐོ་ན་མར་གྱི་རང་བྱུང་གི་བཅུད་ཆ་ཉམས་འགྲོ།”མོས་དྲོད་ཚད་འཇལ་ཆས་ལ་ལྟ་ཞོར་དུ་སྐད་གདངས་དམའ་མོས་དེ་ལྟར་བཤད། མཉམ་བསྲེས་གཤེར་ཁུ་འོས་འཚམ་གྱི་དྲོད་ཚད་ལ་ཐོན་དུས། དེའི་ནང་ཚྭ་ཕྱེ་བཏབ་ནས་དལ་གྱིས་དཀྲུགས་རྗེས་བཤུ་དཔེ་ནང་དུ་བླུགས། བཤུ་དཔེ་ནང་ནས་བླངས་པའི་འདག་ཆལ་དེ་ངོས་མཉམ་ལ་མེ་ཏོག་གི་འདབ་མའི་དྲི་མ་ཞིག་འཐུལ་ཡོང་། དེ་ནི་མཐོ་སྒང་གི་སྟོན་ལྗོངས་ཤིག་ཉར་ཚགས་བྱས་ཡོད་པ་དང་མཚུངས།
ན་གཞོན་མང་པོ་ཞིག་གྲོང་ཁྱེར་ཆེ་སར་བརྒྱུགས་ཏེ་འདུན་མའི་རྗེས་སྙེག་པའི་དེང་གི་སྐབས་འདིར། བསོད་ནམས་བདེ་སྐྱིད་ཀྱིས་ལྡོག་ཕྱོགས་ཀྱི་ལམ་ཁ་ཞིག་བདམས། མོ་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་བས་ཕ་ཡུལ་གྱི་རང་བྱུང་གི་ཐོན་དངོས་དང་འཚོ་བའི་གནས་སྟངས་ལ་གསལ་ཆ་ཡོད། སློབ་ཆེན་འགྲིམ་པའི་སྐབས་སུ་མོས་ནམ་ཡང་ཕ་ཡུལ་བརྗེད་མ་མྱོང་ལ། ཁུ་སིམ་མེར་ཤེས་བྱ་སྦྱངས་ཤིང་རྩལ་ནུས་བསགས། སློབ་མཐར་ཕྱིན་རྗེས། མོ་བློ་ཐག་རྦད་ཆོད་ཀྱིས་ཕ་ཡུལ་དཔལ་ཐང་དུ་ལོག་ནས། གང་ཞིག་སློབ་པ་དང་གང་ཞིག་ནུས་པར་བརྟེན་ནས་རང་ཡུལ་ཐོན་ཁུངས་ཀྱི་རིན་ཐང་སྔོག་འདོན་བྱས་ཏེ། མཐོ་སྒང་གི་སྤུས་ལེགས་ཐོན་དངོས་གཞན་ཡུལ་དུ་བཙོང་བ་དང་མི་སྔར་བས་མང་པོར་དེ་ཤེས་སུ་འཇུག་པའི་འདོད་འདུན་སྐྱེས།
“མཐོ་སྒང་བུད་མེད་ཀྱི་སྟེང་ན་མི་རབས་ནས་མི་རབས་སུ་བརྒྱུད་ཡོང་བའི་འཚོ་བའི་བློ་གྲོས་ཡོད་པ་ངས་ཤེས་ཡོད་ལ། འོན་ཀྱང་དེ་ཤེས་མཁན་ཉུང་། དེའི་རྐྱེན་གྱིས་ངས་གཞན་ཡུལ་ནས་སྦྱངས་པའི་ཤེས་བྱས་ཕ་ཡུལ་ལ་དོན་ཞིག་བསྒྲུབ་བསམ་པ་ཡིན”ཞེས་བསོད་ནམས་བདེ་སྐྱིད་ཀྱིས་དེ་ལྟར་བཤད།
དྲན་ཚུལ་དེ་ལྟ་བུ་ཞིག་ཡིད་ལ་བཟུང་ནས། ཡུས་ཧྲུའུ་ཡི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ལ་རྐང་བཙུགས་ཏེ། མོས་རང་ཡུལ་བཀྲུ་གསོ་ཟོང་རྟགས་གསར་སྐྲུན་བྱས་ཤིང་ཡུས་ཧྲུའུ་འཆར་ཉོ་ཚོང་ཚད་ཡོད་ཀུང་སི་བཙུགས། རང་ཡུལ་གྱི་ཁྱད་ལྡན་ཐོན་རྫས་སྔོག་འདོན་གཏིང་ཟབ་བྱས་པ་སྟེ། མར་དང་འབྲི་མོའི་འོ་མ། ནང་ཆེན་ཚྭ་དམར། མཐོ་སྒང་བོད་སྦྲང་སོགས་ཀྱི་གདོད་མའི་སྐྱེ་ཁམས་ཀྱི་ཁྱད་ལྡན་ཐོན་དངོས་ལ་བརྟེན་པ་དང་། རང་བྱུང་གི་མ་བཅོས་རྒྱུ་ཆ་དང་ལག་བཟོས་ཐོན་སྐྱེད་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་སེམས་ཞིབ་མོས་ལག་བཟོས་འདག་ཆལ་ཐོན་རྫས་རབ་དང་རིམ་པ་བསྐྲུན། ཐོན་རྫས་སྣ་ཁ་རེ་རེ་མཐོ་སྒང་གི་གནང་སྦྱིན་ཡིན་པས། རང་བྱུང་དག་མའི་རང་ཡུལ་གྱི་ཁྱད་ཆོས་སོར་འཇོག་བྱས་ཡོད་ལ། གོ་ཆོད་རང་བཞིན་ཆེ་ཞིང་རང་ཡུལ་གྱི་ཁྱད་ལྡན་རིན་ཐང་ལྡན།
བཟོ་ཤག་ནང་གི་འདག་ཆལ་རེ་རེ་རྒྱ་མར་འཇལ་བ་དང་དྲོད་ཚད་ཚོད་འཛིན། དཀྲུགས་པ། བཤུ་དཔེའི་ནང་ལྡུགས་པ། དུམ་བུར་གཏུབ་པ། བསིལ་སྐམ་སོགས་ཀྱི་ལས་རིམ་བརྒྱུད་དགོས། བསོད་ནམས་བདེ་སྐྱིད་ཀྱི་སྡེབ་སྦྱོར་ཟིན་བྲིས་སྟེང་དུ་ཚོད་ལྟའི་སྡེབ་སྦྱོར་གྱི་མྱོང་བ་འདི་ལྟར་བྲིས་ཡོད་པ་སྟེ། “ཚྭ་དམར་འཐག་པ་ཇི་ལྟར་ཞིབ་ན་འདག་ཆལ་དེ་བས་སྙི་མོ་ཡིན།”“བོད་སྦྲང་ལ་མཚོན་ན་དྲོད་འཛིན་དུས་ཚོད12ཡན་དུ་བསྲིངས་ན་འདག་བསྒྱུར་གྱི་ཕན་པ་ཤིན་ཏུ་བཟང་།”མོས་ལག་བཟོས་འདག་ཆལ་ལས་ན་འཚུབ་ཆ་ལངས་མི་རུང་། དེ་ནི་ལས་གཏོད་དང་མཚུངས་ལ་ཡུན་གྱིས་དཀག་ཏུ་འཇུག་པ་དང་རིམ་གྱིས་ཚུགས་ཀ་ཆགས་སུ་འཇུག་དགོས།
ལས་གཏོད་ཀྱི་ལམ་དུ། བསོད་ནམས་བདེ་སྐྱིད་ཀྱིས་ནམ་ཡང་ཐོག་མའི་བསམ་འདུན་མ་བརྗེད་པར་མི་སྒེར་གྱི་བྱ་གཞག་དོན་གཉེར་འཚོལ་སྙེག་བྱས་པར་མ་ཟད། ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་ཀྱང་ཡིད་ལ་བཟུང་ཡོད། མོས་ལས་གཏོད་ཀྱི་ཁྲོད་ནས་མཐའ་འཁོར་འབྲོག་ཁུལ་གྱི་བུད་མེད་རྣམས་ཉེ་ས་རུ་ལས་ཀར་ཞུགས་སུ་བཅུག་སྟེ། འབྲོག་ཁུལ་བུད་མེད་རྣམས་ཁྱིམ་གྱི་ཉེ་ས་རུ་ཡོང་སྒོ་བརྟན་བརླིང་ངང་འཕར་དུ་བཅུག་པར་མ་ཟད། རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་དུ་བཅུག སྟབས་བདེ་ཡིན་ལ་ཤེས་སླ་བའི་ལག་བཟོའི་བཟོ་རྩལ་སྐྱེད་སྲིང་བྱས་པ་བརྒྱུད། འབྲོག་ཁུལ་དུ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཡོང་སྒོ་འཚོལ་མཁན་གྱི་བུད་མེད་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཁོ་མོ་ཚོས་གཅིག་ནས་ཁྱིམ་ལ་བདག་སྐྱོང་བྱེད་ཐུབ་ལ་གཉིས་ནས་ཡོང་འཕར་ཕྱུག་བསྒྱུར་ལ་རམ་འདེགས་བྱེད་ཐུབ།
ཅོག་ཙེ་རིང་མོ་དེའི་འགྲམ་དུ། འབྲོག་མོ་འགའ་ཡིས་བྱང་ཆ་ཡོད་པའི་སྒོ་ནས་ཚྭ་དམར་འཐག་པ་དང་འདག་ཆུ་སྣོད་དུ་ལྡུགས་པ། ཚོང་རྫས་ལ་ཐུམ་རྒྱག་པ་བཅས་ཀྱི་ལས་ཀ་གཉེར་བཞིན་ཡོད། བསོད་ནམས་བདེ་སྐྱིད་ཀྱིས“ང་ལ་མཚོན་ནས་བཤད་ན། ལས་གཏོད་ནི་ཐོན་རྫས་ཤིག་ལས་པ་ལས་གཞན། ཕ་ཡུལ་གྱི་བུད་མེད་རྣམས་རང་ཁྱིམ་གྱི་རུ་ཁ་ནས་ལས་ཀར་ཞུགས་པའི་གོ་སྐབས་ཤིག་སྩོལ་ཐུབ་པའི་རེ་བ་བཅངས་ཡོད། ངས་བལྟས་ན་ན་གཞོན་རྣམས་ཀྱིས་ཐག་རིང་ཞིག་ནས་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱེད་དགོས་པའི་ངེས་པ་མེད་ལ། ཕ་ཡུལ་ནས་ཀྱང་བྱ་བ་ཆེན་པོ་བསྒྲུབ་ཆོག”ཟེར།
བསོད་ནམས་བདེ་སྐྱིད་ཀྱིས་ན་གཞོན་གྱི་རིན་ཐང་ནི་དར་རྒྱས་ཆེ་བའི་གྲོང་ཁྱེར་ནས་མངོན་འགྱུར་བྱེད་དགོས་པའི་ངེས་པ་མེད་ལ། མུ་མཐའ་བྲལ་བའི་ཕ་ཡུལ་གྱི་རྩྭ་ཐང་ཡང་ལས་སྒྲུབ་ལས་གཏོད་ཀྱི་གཤིན་ས་ཡིན་པར་སྙམ་ཡོད། མཐོ་སྒང་དུ་རྩ་བ་ཚུགས་པའི་ཚུན་དུ། ཁོ་མོས་ནམ་ཡང་ཏན་ཏིག་གིས་སྦྱངས་པ་བྱས་ཤིང་གོམ་པ་བརྟན་པོས་འཚོལ་ཞིབ་བྱས། རང་ཡུལ་གྱི་འཚོ་བའི་བློ་གྲོས་རྒྱུན་འཛིན་དང་རང་ཡུལ་གྱི་ཐོན་དངོས་ཐོན་ཁུངས་རྒྱུག་པོར་བཏང་བ་དང་མཉམ་དུ། ཉེ་འགྲམ་མང་ཚོགས་ཀྱི་སྣེ་ལེགས་པར་ཁྲིད་དེ་མཉམ་དུ་འཕེལ་རྒྱས་སུ་བཏང་བ་དང་། དངོས་སྒྲུབ་ལ་བརྟེན་ནས་དུས་རབས་གསར་པའི་མཐོ་སྒང་ན་གཞོན་གྱི་འགན་འཁྲི་དང་ཁག་ཁུར་འགྲེལ་བཤད་བྱེད་བཞིན་ཡོད།
ད་ལྟ། བསོད་ནམས་བདེ་སྐྱིད་ལྟ་བུའི་ཡུས་ཧྲུའུ་ཡི་ན་གཞོན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཁོ་ཚོ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ཤིང་ཕ་ཡུལ་དུ་རྩ་བ་ཚུགས་ཏེ་ཕ་ཡུལ་ལ་དྲིན་གཟོ་བཞིན་ཡོད། ཁོ་ཚོས་རང་ཉིད་ཀྱི་ལང་ཚོ་ལ་བརྟེན་ནས་ཕ་ཡུལ་ལ་ཁྱད་ལྡན་ཐོན་ལས་གཉེར་ཞིང་གྲོང་གསེབ་འཕེལ་རྒྱས་ལ་རོགས་འདེགས་བྱས་པ་དང་། བརྟན་སྲུང་དང་འབད་འཐབ་ལ་བརྟེན་ནས་ཕ་ཡུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཛད་མཐའ་མེད་པའི་ལང་ཚོའི་གསོན་ཤུགས་སྩོལ་བཞིན་ཡོད། བསོད་ནམས་བདེ་སྐྱིད་ཀྱིས་བརྟན་སྲུང་དང་དགའ་ཞེན་ལ་བརྟེན་ནས་མཐོ་སྒང་གི་ཡུལ་གྲུ་ཆེན་མོ་འདིའི་སྟེང་འབད་བརྩོན་བྱས་ཏེ། འཇམ་པོ་ཡིན་ལ་བརྟན་པོའང་ཡིན་པའི་ཡུས་ཧྲུའུ་བུད་མེད་ཀྱི་སྟོབས་ཤུགས་དེ་གཞན་ལ་ཤེས་སུ་བཅུག་ལ་ཁས་ལེན་ཐོབ་ཏུའང་བཅུག་ཅིང་རྒྱུན་འཛིན་ཡང་བྱེད་ཐུབ་ཡོད།
མུན་པ་རིམ་གྱིས་འཐིབས་པ་དང་བསྟུན་ནས་ལས་ཤག་ནང་གི་གློག་སྒྲོན་བཀར་སོང་། བཤུ་དཔེ་ནང་ནས་བླངས་པའི་འདག་ཆལ་ཅོག་ཙེའི་སྟེང་གྲལ་ཕྲེང་འགྲིག་མོས་བསྒྲིགས་ལ། དེའི་དྲི་མ་ཞིམ་པོ་ཁང་པའི་ནང་དུ་འཐུལ། ལག་བཟོས་འདག་ཆལ་དེ་ཡིས་འབྲོག་ཁུལ་བུད་མེད་ཀྱིས་བབ་ཆགས་ཀྱི་འཚོ་བར་བཅངས་པའི་རེ་ལྟོས་དང་མཛེས་སྡུག་གི་རེ་སྨོན་གཏམས་ཡོད། །