“ཏང་འཛུགས་སྐྲུན+”འཇོན་མིའི་བྱ་བ་སྒྲུབ་སྟངས་གཏིང་ཟབ་ཏུ་བཏང་བ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར།

འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་ལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲོག་ཤིང་སྒུལ་ཤུགས་ཀྱང་ཡིན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམིགས་ཏེ་ཇི་ལྟར་བྱས་ནས་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་འཇོན་མི་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བ་དང་། ཇི་ལྟར་བྱས་ནས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་ལ་སྣེ་འཁྲིད་པ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བའི་དཔྱད་གཞི་གལ་ཆེན་ཡིན། དཔྱད་གཞི་གལ་ཆེན་འདི་ལ་ལན་ཡག་པོ་འདེབས་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་འཇོན་མིའི་བྱ་བ་ཡག་པོར་བསྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་འཇོན་མིའི་བྱ་བའི་ཚོགས་འདུའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། ཏང་འཛུགས་སྐྲུན་གྱིས་འཇོན་མི་འཛུགས་སྐྲུན་ལ་ནུས་པ་འདོན་པ་རྒྱུན་འཁྱོངས་བྱས་ནས། “ཏང་འཛུགས་སྐྲུན+”བྱེད་སྟངས་དེ་འཇོན་མི་ནང་འདྲེན་གསོ་སྐྱོང་གི་འབྲེལ་ཐག་ཧྲིལ་པོར་གོ་ཆོད་ཀྱིས་ཁྱབ་པར་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱ་དགོས།

“ཏང་འཛུགས་སྐྲུན+ཆབ་སྲིད་ཀྱི་སྣེ་ཁྲིད”རྒྱུན་འཁྱོངས་བྱས་ནས་འཇོན་མིའི་བྱ་བའི“ཁ་སྒྱུར་འཁོར་ལོ”བརྟན་པོར་འཛིན་དགོས། ཏང་གི་མགོ་ཁྲིད་དང་ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་ཁ་སྟོང་ནང་གི་ཚིག་སྟོང་ཙམ་མ་ཡིན་པར་ཏང་གི་འདོད་བློ་དང་ཏང་གི་འདོད་ཚུལ་དེ་འཇོན་མི་ནང་འདྲེན་དང་། གསོ་སྐྱོང་། བེད་སྤྱོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱ་དགོས། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ན་ད་གཟོད་འཇོན་མིའི་བྱ་བ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་བསྐྱོད་པར་ཁག་ཐེག་བྱེད་ཐུབ། རིགས་སོ་སོའི་འཇོན་མི་དག་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱས་ཏེ། རིགས་སོ་སོའི་འཇོན་མི་དག་གིས་ཆབ་སྲིད་ཀྱི་ཉམས་མྱོང་སྦྱོང་བརྡར་ཁྲོད་དད་མོས་ཀྱི་རྨང་གཞི་བརྟན་པོ་འཛུགས་པ་དང་། བསམ་བློའི་སྦྱོང་བརྡར་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་མ་ནོར་བ་བྱེད་དགོས། ཕུལ་བྱུང་འཇོན་མིའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་། ཏང་ཡོན་ཁྲོད་ནས་འཇོན་མི་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཆབ་སྲིད་བྱང་ཚད་མཐོ་བ་དང་། ལས་སྒོའི་ནུས་པ་ཆེ་བ། མང་ཚོགས་ཀྱིས་ཁས་ལེན་བྱེད་ཚད་མཐོ་བ་བཅས་ཀྱི་མང་འཇོན་མི་སྣ་འགག་རྩའི་ལས་གནས་སུ་བཀོད་སྒྲིག་བྱས་ནས“དམར་པོའི་སྒུལ་བྱེད་འཕྲུལ་ཆས”ཀྱིས་འཇོན་མིའི་བྱ་བར་སྐུལ་འདེད་བཏང་སྟེ“འགྲོས་སྣོན་ཚད”ལས་བརྒལ་བར་བྱ་དགོས།

“ཏང་འཛུགས་སྐྲུན+འཇོན་མི་གསོག་འཇོག”རྒྱུན་འཁྱོངས་བྱས་ནས། འཇོན་མི་ནང་འདྲེན་དང་བསྡུ་བའི“ཆུ་གསོག་རྫིང་བུ”རྒྱ་བསྐྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་གཞི་ཁྱོན་ཆེ་བ་དང་། ཆགས་ཚུལ་ལུགས་དང་མཐུན་པ། བྱང་ཚད་ལེགས་པ་བཅས་ཀྱི་འཇོན་མིའི་དཔུང་སྡེ་དང་ཁ་འབྲལ་ཐབས་མེད་པ་སྐུལ་འདེད་བཏང་ནས། རྒྱུན་མཐུད་ངང་འཇོན་མི་སྡུད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཇོན་མི་སྡུད་ལེན་བྱེད་ཐབས་རྒྱ་བསྐྱེད་པ། དྲིལ་སྒྲོག་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ནི་མིག་སྔའི་འཇོན་མིའི་བྱ་བའི་འགན་འཁྲི་གཙོ་བོ་ཡིན། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་སོགས་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་གནད་འཁེལ་ཅན་དང་། ཆེད་ལས་ཅན། རིག་ནུས་ཅན་བཅས་ཀྱི་འཇོན་མི་ནང་འདྲེན་བྱ་དགོས། གནད་འཁེལ་ཅན་ཞེས་པ་ནི་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ནུས་ཁུངས་གཙང་མ། སྐྱེ་ཁམས་ཡུལ་སྐོར། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་དང་དམ་པོར་འབྲེལ་ནས“ཕྲེང་འབྲེལ་རེ་ལ་བྱེད་ཐབས་རེ”ཡི་འཇོན་མི་ནང་འདྲེན་བྱ་དགོས། ཆེད་ལས་ཅན་དུ་བསྒྱུར་བ་ཞེས་པ་ནི་འགག་རྩའི་ལྟེ་བའི་ལག་རྩལ་ཁྱབ་ཁོངས་ལ་དམིགས་ནས“སྐེ་དགག”གནད་དོན་ལས་སྒྲོལ་ཐུབ་པའི་སྣེ་ཁྲིད་འཇོན་མི་དང་ཆུ་ཚད་མཐོ་བའི་གསར་གཏོད་ཚོགས་པ་ནང་འདྲེན་བྱ་དགོས། རིག་ནུས་ཅན་ཞེས་པ་ནི་གཞི་གྲངས་ཆེན་པོ་དང་མིས་བཟོས་རིག་ནུས་སོགས་ལག་རྩལ་བྱེད་ཐབས་སྤྱད་དེ་འཇོན་མིའི་ལས་སྟེགས་བསྐྲུན་ཞིང་ལས་ཆོད་ཆེ་བའི་ངང་འཇོན་མི་སྙོམ་སྒྲིག་བྱ་རྒྱུ་མངོན་དུ་བསྒྱུར་རྒྱུ་དེ་ཡིན།

“ཏང་འཛུགས་སྐྲུན+དོ་དམ་སློབ་གསོ”རྒྱུན་འཁྱོངས་བྱས་ཏེ་འཚར་ལོངས་བྱུང་བ་དང་འཇོན་མིར་འགྱུར་བའི“བཞུ་ཐབ་ཆེན་པོ”འཛུགས་དགོས། འཇོན་མི་ནང་འདྲེན་བྱ་རྒྱུ་ནི་གོམ་པ་དང་པོ་ཙམ་ཡིན་པས། དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ། སློབ་གསོ་གསོ་སྐྱོང་ཡག་པོ་བྱ་རྒྱུ་ནི་གནད་འགག་ཡིན། “ལག་གཉིས་ཀས་འཛིན་པ་དང་། གཉིས་ཀ་མི་འཁྲུལ་བ།གཉིས་ཀས་སྐུལ་འདེད་གཏོང་བ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། “བཟོ་སློབ”ཀྱི་འབྲེལ་བ་ཐག་གཅོད་ཡང་དག་དང་། གཅིག་གྱུར་འཆར་འགོད་བྱས་ཏེ། འཇོན་མི“དོན་གཉེར་རིང་ལུགས”ཀྱི་གནས་སུ་ལྷུང་ནས་སློབ་སྦྱོང་མཐོར་འདེགས་སྣང་མེད་དུ་འཇོག་མི་རུང་ལ། ཚད་ལས་བརྒལ་བའི་གསོ་སྦྱོང་གིས་རྒྱུན་ལྡན་གྱི་ལས་ཀར་ཤུགས་རྐྱེན་ཡང་བཟོ་མི་ཆོག“སློབ་ཁྲིད་དང་རོགས་སྐྱོར། སྐུལ་ཁྲིད”ཀྱི་གསོ་སྐྱོང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཆབ་སྲིད་ཀྱི་འཇོན་ནུས་ལྡན་པ་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་ཏང་ཡོན་ལས་བྱེད་པ་དང་ན་གཞོན་འཇོན་མི་བདམས་ནས་དགེ་སློབ་གནད་ལ་འཁེལ་བའི་ངང་སྙོམ་སྒྲིག་ཡོང་བ་བྱས་ཏེ། བསམ་བློའི་ཐོག་ཁྲིད་སྟོན་དང་། ལས་ཀའི་ཐོག་མཛུབ་ཁྲིད། འཚོ་བའི་ཐོག་སེམས་ཁུར་བཅས་བྱས་ནས་འཇོན་མི་མགྱོགས་མྱུར་གྱིས་ནར་སོན་པར་རོགས་སྐྱོར་བྱ་དགོས། འཇོན་མིར་གདེང་འཇོག་དང་སྐུལ་མ་གཏོང་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་ཀྱི་རིན་ཐང་དང་། ནུས་པ། བྱས་རྗེས་བཅས་ཁྲིད་སྟོན་དུ་བྱེད་པའི་གདེང་འཇོག་མ་ལག་བཙུགས་ཏེ། བྱས་པ་ཅན་ལ་གོ་གནས་ཡོད་པ་དང་། དོན་དངོས་སྒྲུབ་མཁན་ལ་དངོས་ཕན་ཐོབ་ཏུ་འཇུག་དགོས། འཇོན་མི་ངོས་འཛིན་དང་། འཇོན་མིར་དགའ་བ། འཇོན་མིར་བརྩི་བཀུར་དང་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་བཟང་པོ་བསྐྲུན་ནས་ཆབ་སྲིད་ཐོག་ཡིད་རྟོན་གང་ལེགས་བྱེད་པ་དང་། ལས་ཀའི་ཐོག་ཆ་རྐྱེན་བསྐྲུན་པ།འཚོ་བའི་ཐོག་ཐུགས་ཁུར་དང་ལྟ་རྟོག་བཅས་བྱས་ཏེ་འཇོན་མིར་བློ་བདེ་བག་ཕེབས་ངང་བྱ་བ་བསྒྲུབ་ཏུ་འཇུག་དགོས།

ཏང་འཛུགས་སྐྲུན་ལ་བརྟེན་ནས་འཇོན་མི་འཛུགས་སྐྲུན་བྱ་རྒྱུ་དེ་ནི་ཆབ་སྲིད་ཀྱི་བླང་བྱ་ཡིན་ལ་འཕེལ་རྒྱས་ཀྱི་དགོས་མཁོའང་ཡིན། ལངས་གནས་སྔར་ལས་མཐོ་བ་དང་། མིག་རྒྱང་སྔར་ལས་རིང་བ། བྱེད་ཐབས་སྔར་ལས་ཏན་ཏིག་བཅས་ལ་བརྟེན་ནས“ཏང་འཛུགས་སྐྲུན+”འཇོན་མིའི་བྱ་བ་སྒྲུབ་སྟངས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས། ཏང་རྩ་འཛུགས་ཀྱི་དགེ་མཚན་དང་འཇོན་མིའི་ཐོན་ཁུངས་ཀྱི་དགེ་མཚན་གཅིག་གྱུར་དང་ཕན་ཚུན་སྐུལ་འདེད་མཉམ་སྐྱོད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བར་སྟོབས་དང་ལྡན་པའི་འཇོན་མིའི་འགན་སྲུང་དང་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱ་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།