རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་པེ་ཅིན་དུ་འཚོགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་ཐེངས་བཅུ་གཅིག་པ་ཚེས4ཉིན་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་ཐེ་ལན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ཞི་ཧ་ས་ཡིས་མཉམ་དུ་ཚོགས་འདུར་མགོ་འཛིན་གནང་བ་དང་། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་པུའུ་ལ་སུའོ་ཁུན་དང་། ལུའོ་ཝུའོ་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ཐུང་ཧྲ་ཝན། ཡོ་ནན་གྱི་ཕྱི་འབྲེལ་པུའུ་ཀྲང་ལི་ཧོའེ་ཀྲུང་། འབར་མའི་རྒྱལ་ཁབ་འཆར་འགོད་དང་། དངུལ་གཏོང་དང་ཕྱི་འབྲེལ་དཔལ་འབྱོར་པུའུ་ཡི་པུའུ་ཀྲང་ཨང་ཅའོ་ཧའོ་བཅས་ཚོགས་འདུར་ཞུགས་ཡོད། 

ཝང་དབྱིས་བསྟན་དོན། ད་ལོ་ནི་རྫ་མེ་གཙང་པོའི་མཉམ་ལས་ཀྱི་མགོ་ཁྲིད་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ནས་ལོ10འཁོར་བའི་ལོ་ཡིན། ལོ་ངོ་བཅུའི་རིང་རྒྱལ་ཁབ་དྲུག་པོའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་དེ་གསོན་ཤུགས་དང་སྦས་ཤུགས་ཆེ་ཤོས་ལྡན་པའི་ས་ཁོངས་མཉམ་ལས་ཀྱི“གསེར་མདོག་གི་མ་དཔེར”གྱུར་ནས། རྒྱལ་ཁབ་དྲུག་པོའི་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་པ་དང་། རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་རོགས་རམ་ནུས་ལྡན་བྱས་ཡོད། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་འགྲན་སློང་མང་པོའི་མདུན་དུ། རྫ་མེ་གཙང་པོའི་ཁྱིམ་ཚང་ཆེན་པོས་རྫ་མེ་གཙང་པོའི་མཉམ་ལས་ཀྱི་པར་གཞི་2.0ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། ལག་གདང་སྦྲེལ་ནས་རྫ་མེ་གཙང་པོའི་མཉམ་ལས་ཀྱི“གསེར་མདོག་གི་ལོ་བཅུ”གསར་བ་ཞིག་གི་སྒོ་འབྱེད་དགོས།

ཝང་དབྱིས་གྲོས་གཞི་ལྔ་བཏོན་པ་སྟེ། མཐུན་སྒྲིལ་རང་སྟོབས་ཀྱི་མཉམ་ཤུགས་གསར་པ་གོང་བུར་གཅིག་ཏུ་སྒྲིལ་བ་དང་། སྒོ་དབྱེ་གཉིས་ཕན་གྱི་མཐོ་ས་གསར་པ་གཏོད་པ། ལྗང་མདོག་གསར་གཏོད་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། བདེ་འཇགས་མཉམ་ལས་ཀྱི་སྲུང་ཡོལ་གསར་པ་བརྟན་པོ་གཏོད་པ། གནོད་འཚེ་བཅོས་སྐྱོང་གི་ཁྱད་ཆོས་གསར་པ་གཏོད་པ་བཅས་ཡིན།

ཚོགས་ཞུགས་ཕྱོགས་སོ་སོས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། ལོ་ངོ་བཅུའི་རིང་རྫ་མེ་གཙང་པོའི་མཉམ་ལས་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རྒྱས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་བསྔགས་བརྗོད་བཅས་བྱས་ནས། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མུ་མཐུད་དུ་མཐའ་འཁྱོངས་དང་། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་ཀྱིས་མཉམ་ལས་གཏིང་ཟབ་མཉམ་རྒྱལ་མངོན་འགྱུར་བྱས་ནས། ས་ཁུལ་གྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས་པ་བསྐྱར་བསྒྲགས་གནང་།

ཚོགས་འདུའི་ཐོག《རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ལོ་ལྔའི་འགུལ་སྐྱོད་འཆར་གཞི(2023-2027)2025ལོའི་ལོ་འཁོར་གྱི་དོན་འཁྱོལ་འཕེལ་རིམ་སྙན་ཞུ》དང《2026ལོའི་ལོ་འཁོར་གྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཆེད་དོན་ཐེབས་རྩའི་རྒྱབ་སྐྱོར་རྣམ་གྲངས་ཀྱི་གསལ་ཐོ》ལ་གྲོས་འཆམ་བྱུང་། 

ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་གྲོལ་རྗེས། ཝང་དབྱིས་ཞི་ཧ་ས་དང་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་བ་རེད། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།