2026ལོའི"རྒྱུད་གཅིག་ལམ་གཅིག"གི་གསར་འགྱུར་མཉམ་ལས་གླེང་སྟེགས་འཚོགས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2026ལོའི"རྒྱུད་གཅིག་ལམ་གཅིག"གི་གསར་འགྱུར་མཉམ་ལས་གླེང་སྟེགས་ཟླ11པའི་ཚེས3ཉིན་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞན་ཧུའེ་མགོ་རྩོམ་མཛད་སྒོར་ཞུགས་ཏེ་གསུང་བཤད་གནང་།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་དུ་འཛུགས་སྐྲུན་བྱེད་པ་དེ་ཀྲུང་གོའི་གྲོས་གཞི་ནས་རྒྱལ་སྤྱིའི་ལག་ལེན་ཕྱོགས་སུ་བསྐྱོད་དེ། དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་སྤྱོད་ཐོན་རྫས་ཤིག་ཏུ་གྱུར་ཡོད་ལ། འཛམ་གླིང་སྟེང་གཞི་ཁྱོན་ཆེ་ཤོས་དང་ཁྱབ་རྒྱ་ཆེ་ཤོས། ཤུགས་རྐྱེན་གཏིང་ཟབ་ཤོས་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་སྟེགས་བུ་ཞིག་ཏུའང་གྱུར་ཡོད།

ཚོགས་ཞུགས་སྐུ་མགྲོན་རྣམས་ཀྱིས་རྒྱལ་ཁབ་སོ་སོའི་སྨྱན་སྦྱོར་གྱིས་དར་གོས་ཚོང་ལམ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། སྲིད་ཇུས་འབྲེལ་མཐུད་དང་མི་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་མཁན་ལེགས་པོ་བྱེད་དགོས་ཤིང་། དུས་མཚུངས་སུ་དར་གོས་ཚོང་ལམ་གྱི་གཏམ་རྒྱུད་ཟིན་ཐོ་འགོད་མཁན་དང་ཁྱབ་སྤེལ་བྱེད་མཁན་ཡང་ཡིན་དགོས་པ་མ་ཟད། ཁོར་ཡུག་བཟང་པོ་བསྐྲུན་མཁན་དང་སྲུང་སྐྱོང་བྱེད་མཁན་དུའང་འགྱུར་དགོས་པར་ངོས་འཛིན་བྱས།

ཐེངས་འདིའི་གླེང་སྟེགས་ནི་མི་དམངས་ཉིན་རེའི་ཚགས་པར་ཁང་དང་ཧྥུའུ་ཅན་ཞིང་ཆེན་སྲིད་གཞུང་གིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ཞིང་། བརྗོད་དོན་གཙོ་བོ་ནི"བློ་སེམས་གཅིག་ཏུ་མཐུན་པས་རི་ཆུ་བརྒལ་ཞིང་། དར་གོས་ལམ་བུ་འདུས་ཏེ་སྒྲ་དབྱངས་སྒྲོག"ཅེས་པ་ཡིན། རྒྱལ་ཁབ100ཙམ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས། སྨྱན་སྦྱོར་དང་ལས་ཁུངས182ཡི་ཕྱི་རྒྱལ་གྱི་འཐུས་མི200ལྷག་ཙམ་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།