མཚོ་སྔོན་གསར་འགྱུར་དྲ་བས་སྤེལ་བའི་འཕྲིན། ཟླ10པའི་ཚེས19ཉིན་ནས་ཚེས30ཉིན་བར། 《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་བདུན་པ(COP17)ཨར་མེ་ཉི་ཡའི་ཨའེ་ལི་དབུན་དུ་འཚོགས། དེ་ནི《ཁུ་ནུ་ནས་མོང་ཐེ་ལིར་བར་གྱི་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞི》ལ་གྲོས་འཆམ་བྱུང་རྗེས་སུ་གོ་ལ་ཧྲིལ་པོར་རྩིས་བཤེར་བྱས་པ་ཐོག་མ་རེད། ཚོགས་ཆེན་འཚོགས་རིང་དུ། ས་གནས་དེ་གའི་དུས་ཚོད་དེ་ཟླ10ཚེས29ཉིན་ལ་སྣོད་བཅུད་ཁོར་ཡུག་པུའུ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་ཟུར་ཏེ“ས་མཚམས་བརྒལ་བའི་མཉམ་གནས་ཏེ། གནས་ཚུལ་སྣ་མང་བརྗོད་པ་ལ་བརྟེན་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་འགུལ་སྐྱོད་ལ་སྐུལ་སྤེལ་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་མཐའ་མཚམས་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག《ཀྲུང་གོའི་ཁེ་ལས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་མུ་འབྲེལ་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་གྱི“ཚེ་སྲོག་གི་བྱ་ཚང”ཞེས་པའི་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ལག་ལེན་དེ་དཔེ་མཚོན་དུ་བཞག་ནས་ཀུན་ལ་མངོན་པར་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་མོས་བསྟོད་བསྔགས་དང་ཁས་ལེན་ཐོབ།
“ཚེ་སྲོག་གི་བྱ་ཚང”ནི་རྒྱལ་ཁབ་གློག་དྲའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་སྤྱི་ཕན་སྤུས་རྟགས་ཤིག་ཡིན་པ་དང་། རྒྱལ་ཁབ་གློག་དྲའི་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་ཆུ་གསུམ་མགོ་ཁུངས་ཀྱི་ཐུན་མིན་ས་མཐོའི་སྐྱེ་ཁམས་ལ་གཞི་ཚུགས་ཏེ། ཚད་ལྡན་ཅན་གྱི་དོ་དམ་སྲུང་སྐྱོང་ལམ་སྲོལ་གསར་དུ་བཙུགས་པ་དང་། གློག་དྲ་འཁོར་སྐྱོད་སྲུང་སྐྱོང་གི་བསམ་ཕྱོགས་དེ་སྲོལ་རྒྱུན་གྱི“འདབ་ཆགས་བསྐྲད་ནས་གནོད་པ་འགོག་པ”ནས་རང་འགུལ་གྱིས“འདབ་ཆགས་སྲུང་སྐྱོང་མཉམ་གནས”སུ་བསྒྱུར་བར་སྐུལ་འདེད་བཏང་ནས་ས་མཐོའི་གློག་དྲ་འཛུགས་སྐྲུན་གྱི་འཁོར་སྐྱོད་དང་བདག་ཏུ་མ་བཟུང་བའི་བྱ་རིགས་ཞི་མཐུན་མཉམ་གནས་ཐུབ་པའི་ཁྱད་ལྡན་ཐབས་ལམ་ཞིག་འཚོལ་ཞིབ་བྱས།
2026ལོ་ནི“ཚེ་སྲོག་གི་བྱ་ཚང”རྣམ་གྲངས་ལག་བསྟར་བྱས་ནས་ལོ10འཁོར་བའི་དུས་ལ་འཁེལ་ཡོད། ཆུ་གསུམ་ཆུ་མགོའི་དབུས་ཁུལ་དུ་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཀྱིས“ཚེ་སྲོག་གི་བྱ་ཚང”རྣམ་གྲངས་རྒྱུན་མཐུད་ལག་བསྟར་བྱས། རིམ་རྩིས་བྱས་ན་མིས་བཟོས་བྱ་ཚང6053བཀོད་སྒྲིག་བྱས་ཤིང་། བྱ་རིགས་མང་པོ་ཚར་བཀུགས་ནས་ཚང3100ལྷག་ཙམ་བཅོས། རྣམ་གྲངས་ལག་བསྟར་བྱས་ཚུན་དུ། ས་ཁོངས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་ལས་བྱ་རིགས་སྣ་ཁ61ནས111བར་མང་དུ་ཕྱིན་འདུག ས་མཐོའི་བྱ་རྒོད་ཀྱི་རིགས་སོགས་པའི་རི་སྐྱེས་སྲོག་ཆགས་ལ་ནུས་ལྡན་འགེབས་སྲུང་ཐོབ་ནས་ས་མཐོའི་སྐྱེ་དངོས་འབྲེལ་ཐག་རྒྱུན་མཐུད་ངང་སླར་གསོ་ཐུབ་ཡོད། མིས་བཟོས་བྱ་ཚང་ཚང་མ་གློག་གཏོང་ལྕགས་སྒྲོམ་གྱི་གློག་མི་རྒྱུག་པའི་བདེ་འཇགས་ཀྱི་གནས་སུ་བཀོད་སྒྲིག་བྱས་པས། ས་མཐོའི་བྱ་རིགས་ལ་བསྟི་གནས་བརྟན་པོ་ཞིག་དང་སྐྱེ་འཕེལ་ལ་བར་མཐོངས་ཆེན་པོ་ཞིག་མཁོ་འདོན་བྱས་པ་མ་ཟད། མགོ་ཁུངས་ནས་བྱ་རིགས་ཀྱིས་བྱ་ཚང་ལ་བརྟེན་ནས་གློག་སྐུད་ཆད་སྐྱོན་གྱི་ཉེན་ཁ་སློང་སླ་བའི་གནད་དོན་ཐག་བཅད་དེ། གློག་དྲ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་དང་སྐྱེ་དངོས་ལ་ཡང་སྲུང་སྐྱོང་ཐུབ་ཡོད་པའི་ཕྱོགས་གཉིས་ཀར་ཕན་ཐོགས་པ་ཞིག་བཟོས།
ཚོགས་ཞུགས་གྱི་རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་གློག་དྲའི་ས་མཐོའི་ལག་ལེན་ལ་ཚད་མཐོའི་གདེང་འཇོག་བྱས། ཀྲུང་ཧྭའི་ཁོར་ཡུག་སྲུང་སྐྱོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་གོར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཧྲུའུ་ཡི་དེ་སྔའི་འཐུས་མི་ཐུའུ་རུའེ་ཧོ་ཡིས་རྒྱལ་ཁབ་གློག་དྲ་ཡིས་ལྕགས་སྒྲོམ་ལྕགས་འབུམ་ལ་བརྟེན་ནས་མིས་བཟོས་བྱ་ཚང་བསྐྲུན་པ་དང་། གློག་དྲ་བདེ་འཇགས་དང་བྱ་རིགས་སྲུང་སྐྱོང་ཐད་གཅིག་གྱུར་འཆར་འགོད་བཟོས་ནས་འཕེལ་རྒྱས་དང་སྲུང་སྐྱོང་གཉིས་ལ་ཕན་འབྲས་མཉམ་དུ་ཐོན་པ་མངོན་འགྱུར་བྱུང་ལ། དེ་ནི“འདབ་ཆགས་སྐྲོད་པ”ནས“འདབ་ཆགས་སྲུང་བའི”བར་གྱི་ཕུལ་བྱུང་དཔེ་མཚོན་ཞིག་ཡིན་པས་རྒྱལ་སྤྱིའི་མཉམ་སྤྱོད་ཀྱི་རིན་ཐང་ལྡན་ཟེར། སྣོད་བཅུད་ཁོར་ཡུག་ཁག་པུའུ་དྲིལ་སྒྲོག་སློབ་གསོ་ལྟེ་གནས་ཀྱི་སྤྱི་གཞུང་ཁྱབ་སྤེལ་ཁང་གི་འགན་འཁུར་བ་ལི་ཕེང་ཧུའེ་ཡིས་འདི་སྐད། རྣམ་གྲངས་དེར་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད་པས། སྐྱེ་དངོས་སྣ་མང་རང་བཞིན་གྱི་བཅོས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བར་ཕན་ཐོགས་པའི་འཚོལ་ཞིབ་ཅིག་ཡིན་ཟེར། པར་ཙིར་དང་དབྱིན་ཇི་སོགས་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པས། ལག་ལེན་དེ་ནི་འཕེལ་རྒྱས་ཁྲོད་ཀྱི་རྒྱལ་ཁབ་བར་ཀྱི་ནུས་རྒྱུ་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་དོ་སྙོམས་ཡོང་བའི་ཐད་ལ་དཔྱད་གཞིར་འཛིན་ཆོག་པར་མཁོ་འདོན་བྱས་པའི་ཁབ་གློག་དྲའི་ཉམས་མྱོང་ཞིག་རེད་ཟེར།