ཟླ11ཚེས3ཉིན་ཉིན་རེབ་གོང་ཐང་ག་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གསར་འཛུགས་ཀྱི་ཚོགས་འདུ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་དུ་འཚོགས་པ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་གཉིས་པ་ཡིན་པ་དང་། ཐུན་རེན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་གསར་འཛུགས་ཀྱི་ལས་ཀ་ལག་བསྟར་བྱས་པ་རེད།
ཐུན་རེན་ནི་རེབ་གོང་སྒྱུ་རྩལ་ཀྱི་འབྱུང་གནས་ཡིན་པ་དང་། རེབ་གོང་ཐང་ག་ནི་མིའི་རིགས་གྱི་གཟུགས་འདས་རིག་གནས་ཤུལ་བཞག་རེབ་གོང་སྒྱུ་རྩལ་ཀྱི་ལྟེ་བའི་གྲུབ་ཆ་དང་། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ཤིག་ཡིན་ལ། མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མིང་བྱང་ཞིག་ཀྱང་རེད། དཔེ་སྟོན་ཁུལ་དུ་གསར་འཛུགས་ཀྱི་མགོ་ཚུགས་པ་དེ་ནི་ཐུན་རེན་གྲོང་ཁྱེར་ཀྱི་ཕུན་སུམ་ཚོགས་པའི་རེབ་གོང་རིག་གནས་ཐོན་ཁུངས་ལ་གཞི་ཚུགས་ནས་ས་ཁམས་མཚོན་རྟགས་ཀྱི་ཤེས་རིག་བདག་དབང་སྲུང་སྐྱོབ་ལ་ཤུགས་སྣོན་དང་། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་ལ་སྐུལ་འདེད། ཐང་གའི་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་ཀྱི་ལག་ལེན་གལ་ཆེན་ཞིག་ཡིན་པ་མ་ཟད། མཚོ་སྔོན་གྱི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་བླང་བྱ་དོན་འཁྱོལ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དང་། “འཛམ་གླིང་གི་ཐང་གའི་སྒྱུ་རྩལ་ཀྱི་གྲོང་ཁྱེར”གཏོད་པར་རོགས་རམ་བྱེད་པའི་ཐབས་ལམ་ནུས་ལྡན་ཞིག་ཀྱང་རེད།
ད་ཐེངས་ཀྱི་མགོ་ཚུགས་ཚོགས་འདུའི་ཐོག་དཔེ་སྟོན་ཁུལ་གྱི་གསར་བཟོ་དམིགས་ཚད་དང་གཙོ་གནད་ལས་ཀའི་ཁ་ཕྱོགས་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་བླང་བྱ་གཞིར་བཟུང་ཐུན་རེན་གྲོང་ཁྱེར་གྱིས་རྒྱུན་མཐུད་གྱིས་རེབ་གོང་ཐང་གའི་ཚད་གཞིའི་མ་ལག་འཐུས་ཚང་དང་། སྤུས་ཚད་ཁུངས་འདེད་དོ་དམ་ཚོད་འཛིན་ལམ་སྲོལ་ཟུངས་ནུས་བྱ་ཐབས་བཙུགས་ནས་འཐུས་ཚང་དུ་གཏོང་བ། ས་ཁམས་ཀྱི་ཆེད་སྤྱོད་མཚོན་རྟགས་བེད་སྤྱོད་ཚད་ལྡན་དུ་གཏོང་བ། དབང་གནོད་རྫུན་བཟོའི་བྱ་སྤྱོད་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། འབྲེལ་ཐག་ཧྲིལ་པོའི་ཤེས་རིག་བདག་དབང་སྲུང་སྐྱོབ་མ་ལག་གཏོད་པའི་ལས་དག་ལ་ཤུགས་སྣོན་རྒྱུ་རེད།
ཐུན་རེན་གྲོང་ཁྱེར་གྱིས་མུ་མཐུད་དུ“ས་ཁམས་མཚོན་རྟགས་དང་། གཟུགས་འདས་ཤུལ་བཞག་རྒྱུན་འཛིན། རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། རེབ་གོང་ཐང་གའི་སྤུས་རྟགས་ལ་བརྟེན་ནས་རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་སྤུས་རྟགས་ཀྱི་དགེ་མཚན་དང་། ཐོན་ལས་ཀྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས་ཐང་ག་ལས་གཉེར་པའི་འབབ་འཕར་ལ་སྐུལ་ཁྲིད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་གྲོང་གསེབ་དར་རྒྱས་ཐད་ལ་ནུས་ཤུགས་བསྩལ་འཆར་ཡོད་དོ། །