ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་གིས་ཟླ11པའི་ཚེས་1ཉིན་ནས་ཚེས2ཉིན་བར་ཧྲན་ཞི་རུ་རྟོག་ཞིབ་གནང་བ་རེད། ཧོ་ལི་ཧྥེང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧྲན་ཞིའི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བློ་བརྟན་འགྱུར་མེད་དང་གོ་རིམ་ལྡན་པའི་སྒོ་ནས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣོན་དགོས།
ཧོ་ལི་ཧྥེང་གིས་སྔ་རྗེས་སུ་ཧྲན་ཞི་ཏ་ཐུང་དང་ཧྲུའུ་ཀྲོའུ་སོགས་སུ་བསྐྱོད་དེ་ཡུལ་དངོས་སུ་འབྲེལ་ཡོད་ནུས་རྒྱུའི་ཁེ་ལས་དང་། ཚན་རྩལ་ཁེ་ལས། ཞིང་ལས་ཐོན་རྫས་ལས་སྣོན་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས། ཡུལ་ལྗོངས་ཉི་ནུས་གསོག་འཇོག་རྣམ་གྲངས་བཅས་ལ་རྟོག་ཞིབ་བྱས་ནས། ཁེ་ལས་འཕེལ་རྒྱས་དང་ལག་རྩལ་རིམ་སྤོར་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་མ་ཟད། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་མགོ་ཁྲིད་དང་བཞུགས་མོལ་ཚོགས་འདུ་འཚོགས་ནས། གཞི་རིམ་གྱི་བྱ་བའི་བསམ་འཆར་ལ་ཉན་པ་རེད། ཧོ་ལི་ཧྥེང་གིས་བསྟན་དོན། བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་ནུས་རྒྱུ་གསར་པ་གསར་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་། ཐོན་ཁུངས་རྣམ་པའི་དཔལ་འབྱོར་ཚུལ་སྒྱུར་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ཐོན་ཁུངས་ཀྱི་ལེགས་ཆ་དེ་མགྱོགས་མྱུར་ངང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ལག་རྩལ་སྒྱུར་བཀོད་དང་སྒྲིག་ཆས་གསར་བརྗེ་ལག་བསྟར་ཇེ་མགྱོགས་སུ་བཏང་ནས་རྡོ་སོལ་ཐོན་ལས་དེང་རབས་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་སུ་བསྒྱུར་རྒྱུར་ནུས་ལྡན་ངངསྐུལ་འདེད་ཏན་ཏིག་བཏང་སྟེ། བདེ་འཇགས་ཐོན་སྐྱེད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེ་དགོས། གློག་ཤུགས་དང་། ཆུ་ནུས། གནམ་གཤིས། ས་བབ་སོགས་ཐད་ཀྱི་ལྷན་སྐྱེས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་དང་རྩིས་ནུས་དྲ་བ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་ནུས་ལྡན་གྱི་མ་འཇོག་རྒྱ་ཆེར་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་ནུས་པ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་། ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་དོན་འཁྱོལ་བེད་སྤྱོད་དང་ཕན་འབྲས་གཞན་སྒྱུར་ཇེ་མགྱོགས་སུ་བཏང་སྟེ། ཚན་རྩལ་དང་ཐོན་ལས་ཕན་ཚུན་མཉམ་འདྲེས་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་བའི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པར་བྱ་དགོས།
ཧོ་ལི་ཧྥེང་གིས་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་ཉམས་མྱོང་དང་བྱེད་སྟངས་ནུས་ལྡན་ཕྱོགས་སྡོམ་དང་ཁྱབ་གདལ་ནན་ཏན་བཏང་ནས། གཞི་རིམ་དང་གཉེར་སྐྱོང་བྱེད་པོར་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་དང་གོ་རིམ་ལྡན་པར་ཐག་གཅོད་བྱས་ནས་གཞི་རིམ་གྱི“འགན་ལེན་གསུམ”དང་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབས་ཏེ། དཔལ་འབྱོར་བརྟན་རླིང་ངང་འཕེལ་རྒྱས་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན། །