ཧོ་ལི་ཧྥེང2026ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་གོ་ལ་ཧྲིལ་པོའི་བྱེད་སྒོ་གཙོ་བོར་ཞུགས་པ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2026ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་གོ་ལ་ཧྲིལ་པོའི་བྱེད་སྒོ་གཙོ་བོ་སྐབས་བཞི་པ་སྟེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོང་ཁྱེར་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་ཚེས31ཉིན་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་རུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥེང་མགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད། བྱ་དགའ་ཐོབ་མཁན་གྱི་གྲོང་ཁྱེར་ལ་གཟེངས་རྟགས་གནང་སྟེ་གསུང་བཤད་གནང་།

ཧོ་ལི་ཧྥེང་གིས་བསྟན་དོན། དུས་རབས་གསར་པར་སླེབས་ཚུན། ཀྲུང་གོ་སྲིད་གཞུང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། གྲོང་ཁྱེར་གོང་འཕེལ་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། མི་དམངས་ཡོངས་ཀྱིས་སྡོད་ཁང་གཞི་རྩའི་ཆ་ནས་ཐོབ་པ་མངོན་འགྱུར་བྱུང་བ་དང་། གྲོང་ཁྱེར་དུ་ལས་ཞུགས་སྤུས་ཚད་མཐོ་ཞིང་གྲངས་འབོར་འདང་ངེས་བྱུང་བ། མི་དང་མིའི་བར་དང་རང་བྱུང་ཁམས་འཆམ་མཐུན་ངང་མཉམ་གནས་ཐུབ་པ། རིག་གནས་ཤུལ་བཞག་སྲུང་སྐྱོབ་ནུས་ལྡན་བྱེད་པ། གྲོང་ཁྱེར་བཅོས་སྐྱོང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་ཡིན། ད་ལྟའི་དུས་དང་མ་འོངས་པའི་དུས་སྐབས་ཤིག་རིང་ང་ཚོས་ཀྲུང་དབྱང་གྲོང་ཁྱེར་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང་སྟེ། གསར་གཏོད་ལྡན་པ་དང་སྡོད་མལ་འཚམ་པ། མཛེས་སྡུག་ལྡན་པ། ལྡེམ་ཤུགས་ཆེ་བ། དཔལ་ཡོན་དར་བ། ཤེས་རིག་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས། ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པ་ཞིག་བསྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་སོ་སོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་གྲོང་ཁྱེར་འཆར་འགོད་གསར་པ་ལག་བསྟར་ཡག་པོ་བྱེད་པ་དང་། གྲོང་ཁྱེར་གོང་འཕེལ་གྱི་འབྲས་བུ་དེས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་པ་སྔར་ལས་ཆེ་བ་བསྐྲུན་ཐུབ་པ་བྱས་ཏེ། དོན་དངོས་སྟེང་"གྲོང་ཁྱེར་གྱིས་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་བཟོ་ཐུབ"ཅེས་པ་དེ་དངོས་སུ་འགྲུབ་པར་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།

མགོ་ཚུགས་མཛད་སྒོའི་སྔོན་ལ། ཧོ་ལི་ཧྥེང་གིས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ལས་གཞི་ལས་ཁུངས་ཀྱི་ལག་བསྟར་ཀྲུའུ་རེན་ལུའོ་སི་བྷ་ཆི་དང་ཐུག་འཕྲད་གནང་། ཧོ་ལི་ཧྥེང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ལས་གཞི་ལས་ཁུངས་དང་འཐབ་ཇུས་མཐུན་སྦྱོར་རྒྱ་སྐྱེད་གཏོང་བ་དང་། གྲོས་མོལ་མཉམ་སྤྱོད་གཉིས་ཕན་བཅས་ཀྱི་གོ་ལ་ཧྲིལ་པོ་དོ་དམ་བྱེད་སྟངས་ལག་བསྟར་བྱས་ནས། ལྷོ་ཕྱོགས་རྒྱལ་ཁབ་རྣམས་གྲོང་ཁྱེར་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རོགས་རམ་བྱེད་འདོད་ཡོད། ལུའོ་སི་བྷ་ཆིས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ལས་གཞི་ལས་ཁུངས་ཀྱིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཐུན་མོང་ཐོག་འཛམ་གླིང་གི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བསྟན། 

བྱེད་སྒོ་སྐབས་སུ། ཧོ་ལི་ཧྥེང་གིས2026ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་གོ་ལ་ཧྲིལ་པོའི་བྱེད་སྒོ་གཙོ་གནད་ཡུལ་དངོས་ཉམས་ལེན་ཁུལ་ལ་གཟིགས་སྐོར་ཡང་གནང་བ་རེད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།