མཚོ་སྔོན་དུ། ཁྱིམ་གཞིས་ཀྱི་རྣམ་པ་དེར། ཡང་བསྐྱར་མཚན་སྙན་གསར་བ་ཞིག་སྩོལ་གྱིན་ཡོད། ཁྱིམ་གཞིས་ལ་ལས་ད་དུང་རི་ཆུའི་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་ཀྱིན་པ་དང་། ཁྱིམ་གཞིས་ལ་ལ་རི་ཁུལ་ནས་རྨ་ཆུའི་འགྲམ་དུ་གནས་སྤར་ནས། ཡུལ་སྐོར་གྱི་གྲུབ་འབྲས་ངེས་པ་དོན་གྱིས་ལོངས་སྤྱོད་བྱས། ཁྱིམ་གཞིས་ལ་ལར་སྔ་མོ་ནས་འཕོ་འགྱུར་ཆེན་པོ་བྱུང་སྟེ། ཕ་ཡུལ་དུ་འཁྲུག་ཆ་དོད་པའི་གར་སྟེགས་གསར་པ་ཞིག་མངོན་ཡོད། ད་ཐེངས་ང་རང་ཡུལ་སྐོར་བའི་ངོས་ཐད་ནས་གྲོང་གསེབ་གསུམ་དུ་བསྐྱོད་དེ། གྲོང་གསེབ་ཡུལ་སྐོར་གྱི་སྒེའུ་ཁུང་ཆུང་ཆུང་དེ་བརྒྱུད་ནས། མི་དཀྱུས་མའི་འཚོ་བ་དངོས་དང་འགྱུར་ལྡོག་ངོ་མ་རྒྱུས་ལོན་ཞིག་བྱ།
ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་རྨང་གཞི་ཡིན། ཉེ་བའི་ལོ་ཤས་རིང་། གྲོང་གསེབ་དར་སྤེལ་གཏོང་བའི་སྲིད་ཇུས་ཀྱི་སྣེ་ཁྲིད་འོག རྒྱལ་ཡོངས་ས་གནས་སོ་སོའི་གྲོང་གསེབ་ཀྱི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་བཙན་པོ་ཧུའུ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་པའེ་ཀང་ཡིས་ཐོག་མཐའ་བར་གསུམ་དུ་གྲོང་གསེབ་ཡུལ་སྐོར་དེ་སྡེ་བའི་ཐོན་ལས་དར་སྤེལ་དུ་བསྒྱུར་བའི་ཁ་ཕྱོགས་ཤིག་འཚོལ་ཞིབ་བྱེད་ཀྱིན་ཡོད། འཚོལ་ཞིབ་དེ་ཁྲིད་ནས་ང་ཚོ་ཨ་ཞི་ཧི་སྡེ་བར་ཐོན།
ཨ་ཞི་ཧི་སྡེ་བ་ནི་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་བཙན་པོ་ཧུའུ་སྡེ་བའི་རང་བྱུང་སྡེ་བ་ཞིག་རེད། གནས་འདིར་རྨ་ཆུའི་གྲམ་ཐང་དང་ནགས་ས་སོགས་ཀྱི་རང་བྱུང་ཆ་རྐྱེན་བཟང་པོ་འཛོམས་པ་དང་། མིག་སྔར་སྡེ་བའི་ནང་གི་གྲོང་གསེབ་ཡུལ་སྐོར་དེ་ད་དུང་འཛུགས་སྐྲུན་གྱི་དུས་རིམ་དུ་གནས་པ་དང་། བསམ་བཀོད་མང་པོ་ཞིག་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། ཐང་རྒོད་ཅིག་རིག་གནས་ཡུལ་སྐོར་བྱ་ཡུལ་དུ་འགྱུར་གྱིན་ཡོད། ལོ་གསུམ་ལྷག་གི་སྔོན་ལ། གནས་འདིར་ལམ་བཟང་པོ་མེད་པ་དང་ཆུ་ཡུར་འཕྲེད་དུ་བཅད་པ། ར་སྐོར་གྱི་ས་མཚམས་རྙོག་འཛིང་ཆེ་ཞིང་། ཐུན་མོང་མ་ཡིན་པའི་རི་ཆུའི་སྐྱེ་ཁམས་བཟང་པོ་ཡོད་རུང་། ཐང་རྒོད་དང་བེད་མེད་དུ་ལུས་པས། ན་གཞོན་མང་ཆེ་བ་ཕྱི་རུ་ཞོར་ལས་ལས་དུ་སོང་ཡོད།
མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་བཙན་པོ་ཧུའུ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་པའེ་ཀང་གིས་བཤད་རྒྱུར།
ང་ནི་པའེ་ཀང་ཡིན། ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་མངག་པའི་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་བཙན་པོ་ཧུའུ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཡིན། མིག་སྔར་ང་བཙན་པོ་ཧུའུ་སྡེ་བར་བཅའ་སྡོད་བྱས་ནས་ལོ་གསུམ་འགོར་སོང་། གྲོང་གསེབ་དར་སྤེལ་གཏོང་བར་ཐོག་མར་ཐོན་ལས་དར་སྤེལ་གཏོང་དགོས། ན་གཞོན་རྣམས་ཕྱིར་ཡོང་འདོད་མེད་པ་དང་། ཕྱིར་ཡོང་འདོད་མེད་པའི་རྒྱུ་མཚན་ཅི་ཡིན་ནམ། དེ་ནི་ཐོན་ལས་མེད་པས་ཁོ་ཚོར་ལས་ཀའི་གོ་སྐབས་མེད་པ་རེད། ཨ་ཞི་ཧི་སྡེ་བར་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་བཟང་པོ་ཡོད་དེ། དེ་རྨ་ཆུའི་འགྲམ་དུ་ཡོད་པ་དང་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་ལ། ཞིང་ཁའི་ཡུལ་ལྗོངས་ཀྱང་ཧ་ཅང་མཛེས། དེ་བས་སྡེ་བ་འདིར་གྲོང་གསེབ་ཡུལ་སྐོར་དང་ཞིང་ལས་ཡུལ་སྐོར་མཉམ་འདྲེས་བྱས་ན་ཧ་ཅང་འཚམ། ལམ་འདི་ཡང་གསར་དུ་ལས་པ་ཡིན་ལ་ལས་ནས་ཚར་རུང་ཡིན། སྡེ་བའི་ནང་གི་ཕྱིར་མངོན་པའི་ཆུ་ཡུར་ཚང་མར་ལྐོག་ཏུ་སྦས་ཤིང་། ལྐོག་ཏུ་སྦས་རྗེས་བགྲོད་ལམ་གྱི་ཞེང་ཀྱང་ཇེ་ཡངས་སུ་སོང་། སྔོན་ཆད་ཆུ་ཡུར་ཚང་མ་ལམ་འགྲམ་དུ་ཡོད་པས། བགྲོད་ལམ་ཡང་ཧ་ཅང་དོག སྡེ་མི་ཚོ་ཧ་ཅང་དགའ་ཡོད་དེ། བྱེད་ཐབས་འདི་ཧ་ཅང་བཟང་སྙམ་འདུག
འཚོ་བའི་རྨང་གཞིའི་སྒྲིག་བཀོད་ཇེ་ལེགས་སུ་ཕྱིན་པ་དང་སྡེ་བའི་ཡུལ་ལྗོངས་འཛུགས་སྐྲུན་ཐད་ཕྱོགས་སོ་སོའི་སྤྱི་ཚོགས་སྟོབས་ཤུགས་གཅིག་ཏུ་བསྡུས། རི་མོ་བ་དང་སློབ་ཆེན་སློབ་མའི་དང་བླངས་པས་རང་འགུལ་གྱིས་གྱང་ངོས་སུ་ཚོན་ལྡན་རི་མོ་འབྲི་བ་དང་། སྡེ་མིའི་ཁང་པའི་གྱང་ངོས་སུ་སྤྲོ་གསེང་ལྟ་སྐོར་གྱི་དཔེ་རིས་བྲིས་ནས། རང་སར་རྒྱུ་ཆ་བླངས་ཏེ་འགྲོ་སོང་ལ་གྲོན་ཆུང་བྱས་པ་མ་ཟད། ད་དུང་རང་ས་གནས་ཀྱི་ཡུལ་ལྗོངས་ཀྱི་རྣམ་པའང་སོར་འཇོག་བྱས་ཡོད།
མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་ཁྲ་ཧན་ཏུའུ་སི་ཞང་བཙན་པོ་ཧུའུ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་པའེ་ཀང་གིས་བཤད་རྒྱུར།
ད་ལྟ་ང་ཚོ་ཡོད་ས་འདི་ནི་ཨ་ཞི་ཧི་སྡེ་བའི་ལྟེ་བ་ཡིན་ལ་རྨ་ཆུའི་འགྲམ་རྒྱུད་དུ་ཡོད། ང་ཚོའི་དགེ་མཚན་གཙོ་བོ་ནི་རྨ་ཆུའི་འགྲམ་དུ་ཡོད་པ་དེ་ཡིན། རྨ་ཆུ། ས་འདི་འདྲ་དགའ་ཞིག་ཡོད་པས། གལ་ཏེ་འཕེལ་རྒྱས་མ་བཏང་བར་གསར་སྤེལ་མ་བྱས་ན། དེ་ནི་དངོས་ནས་ཡིད་ཕངས་པ་ཞིག་རེད། དེའི་རྐྱེན་གྱིས་ལོ་གཉིས་ཀྱི་རིང་ལ། ང་ཚོས་ཐོག་མཐའ་བར་གསུམ་དུ་གསར་སྐྲུན་བྱེད་བཞིན་ཡོད། རིམ་བཞིན་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་ཇེ་མང་དུ་གཏོང་བའི་བར། མིག་སྔར་གཞི་རྩའི་སྒྲོམ་གཞི་གྲུབ་ཟིན། དེའི་ནང་གཞི་རྩའི་ཆུ་དང་། གློག ལམ། གསང་སྤྱོད་ཁང། སྣེ་ལེན་ལྟེ་གནས། ཞག་སྡོད་ཁང་བཅས་ཚུད་ཡོད་དེ། ས་ཆ་འདིར་ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱེད་པར་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ལྡན། ཨ་ཞི་ཧི་སྡེ་བར་ང་ཚོས་སྤྱད་པའི་བྱེད་ཐབས་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་རྣལ་མ་ཞིག་བཟོ་རྒྱུའི་རེ་བ་ཡིན། མང་ཚོགས་ཚང་མས་ས་ཞིང་གིས་མ་རྐང་འཇོག་པ་དང་། ང་ཚོས་ས་ཞིང་མུའུ་རེ་རྐང་དངུལ་བཞི་ལ་བརྩིས་པ་ཡིན། དེ་ནས་ངལ་རྩོལ་ནུས་ཤུགས་མ་རྐང་དུ་འཇོག་མཁན་དང་མ་རྩ་མ་རྐང་དུ་འཇོག་མཁན་ཡང་ཡོད། ད་ལོ་ནས་བཟུང་ང་ཚོས་ཚོད་ལྟའི་ལས་གཉེར་བྱས་ནས་ཡོང་འབབ་ཡོད་པ་དང་། སྡེ་མི་ཚོའི་སྤྲོ་སེམས་དང་བརྩོན་སེམས་ཀྱང་ཧ་ཅང་མཐོ།
ཨ་ཞི་ཧི་སྡེ་བ་ནི་མཐོ་སྒང་གི་གྲོང་གསེབ་ཡུལ་སྐོར་གྱི“མེད་པ་ནས་ཡོད་པའི་བར”གྱི་འགོ་རྩོམ་པའི་ཚོད་ལྟ་ཞིག་རེད། ཐུན་མོང་མཉམ་སྐྲུན་ལ་བརྟེན་ནས་བེད་མེད་དུ་བསྐྱུར་བའི་རི་ཆུའི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ཏེ། འཚོལ་ཞིབ་ཁྲོད་ཐོན་ལས་ཀྱི་སྒྲོམ་གཞི་བཙུགས། ད་དུང་འཛུགས་སྐྲུན་བྱེད་བཞིན་པའི་ཨ་ཞི་ཧི་སྡེ་བ་དང་ཁ་བྲལ་རྗེས། དེ་དང་འདྲ་བར་རྨ་ཆུའི་འགྲམ་རྒྱུད་དུ་ཡུལ་གཞན་གནས་སྤོར་བྱས་ནས་ཡོང་བའི་བདེ་སྐྱིད་སྡེ་བ་ཡུལ་སྐོར་འབབ་འཕར་གྱི་ལམ་དུ་བསྐྱོད་དེ། གནས་སྤོས་མང་ཚོགས་རྣམས་ཁྱིམ་གཞིས་འདིར་རྐང་ཚུགས་པར་བྱས།
ཏི་ཅུས་ནི་བོད་སྐད་ཁྲོད་བདེ་སྐྱིད་ཀྱི་དོན་ཡིན་པ་དང་། གནས་འདིའི་བདེ་སྐྱིད་ནི་ཡུལ་མི་གནས་སྤོ་ལས་བྱུང་བ་རེད། སྔོན་ཆད་སྡེ་མི་རྣམས་མི་རབས་ནས་མི་རབས་བར་རི་མ་དང་ཆུ་མ་འདྲེས་བའི་ས་ཁུལ་དུ་འཚོ་སྡོད་བྱས་ཡོད། ཞིང་འདེབས་པ་དང་ཕྱུགས་འཚོ་བ། ཞོར་ལས་ལ་འགྲོ་བ་བཅས་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད་པས་ཡོང་འབབ་ཉུང་བ་རེད། 2017ལོར་དབུལ་ཐར་མཁྲེགས་གཏོར་གྱི་ཡུལ་གཞན་གནས་སྤོ་ལས་གཞི་ལས་དུད་ཚང251གི་མི946སྤྱི་ལེ་བཅུ་ཕྲག་ལྷག་གི་ས་བབ་མཐོ་བའི་ས་མཐོའི་འབྲོག་ཁུལ་ནས་རྨ་ཆུའི་ངོགས་སུ་སྤོས་པ་དང་། གཅིག་གྱུར་སྒོས་བསྐྲུན་པའི་བོད་ལུགས་སྡོད་ཁང་གསར་པར་སྤོས། གནས་སྤོ་བ་ནི་གོམ་པ་དང་པོ་ཡིན་པ་དང་། འཚོ་བ་རོལ་བ་ནས་ཡོང་སྒོ་འཕར་ཐུབ་པའི་ཁྱིམ་གཞིས་གསར་པ་ཞིག་བསྐྲུན་རྒྱུ་ནི་མི་ཚང་མའི་མདུན་དུ་ལྷགས་པའི་གནད་དོན་ཞིག་རེད། གྲོང་གསེབ་ཡུལ་སྐོར་ལ་བརྟེན་ནས་གནས་འདིའི་གྲོང་མི་ཚོའི་ཡོང་སྒོ་འཕར་བར་བྱས།
རྨ་ལྷོ་ཁུལ་གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བའི་སྡེ་མི་རྟ་བྷས་བཤད་རྒྱུར། ངའི་མིང་ལ་རྟ་བྷ་ཟེར། བདེ་སྐྱིད་སྡེ་བའི་སྡེ་མི་ཡིན། 2017ལོར་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་ཀླུ་རྒྱལ་སྡེ་བ་ནས་བདེ་སྐྱིད་སྡེ་བར་གནས་སྤོས་པ་ཡིན་ལ། ད་ལྟ་རང་ཁྱིམ་དུ་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་བཞིན་ཡོད། ད་རུང་ཚོང་ཁང་ཆུང་ཆུང་ཞིག་ཀྱང་ཕྱེས་ཡོད། 2017ལོའི་ལོ་མཇུག་ལ་གནས་སྤོས་པ་ཡིན། གཙོ་བོ་ནི་ཞིང་འདེབས་པ་དང་ཞོར་ལས་ལ་སོང་ནས་ཡོང་སྒོ་བཙལ་བ་ཡིན། 2017ལོར་འདིར་ཡོང་དུས་ད་དུང་ཚོང་ཁང་གཅིག་ཀྱང་མེད། ང་ནི་ཐོག་དང་པོར་ཚོང་ཁང་ཕྱེ་མཁན་ཡིན། 2018ལོར། རྫོང་ཐོག་ནས་སྡེ་བས་ཞིང་པའི་སྤྲོ་སྐྱིད་ཁང30འཛུགས་པར་རྒྱབ་སྐྱོར་བྱས། ང་ནི་མིང་ཐོ་འགོད་མཁན་དང་པོ་ཡིན། སྲིད་གཞུང་གིས་ང་ཚོར་ལས་བཏོད་ཐད་ནས་གསོ་སྦྱོང་བྱས་པ་དང་། ཁྱིམ་ཚང་རེ་རེར་དགེ་རྒན་གཅིག་རེ་བཀོད་སྒྲིག་བྱས་ནས་ཆེད་དུ་ཁྱིམ་ལ་ཡོང་ནས་གསོ་སྦྱོང་བྱེད་བཞིན་ཡོད། ས་ཆའི་ཡུལ་སྐོར་དུས་ཚིགས་ཅུང་ཐུང་བ་རེད། ཟླ4པ་ནས་ཟླ10པའི་བར་ཡིན། ཡོང་སྒོ་བཟང་དུས་སྒོར་ཁྲི་གསུམ་བཞི་ཙམ་བཙལ་ཐུབ་ལ། སྔོན་ཆད་རི་མགོ་ན་ཡོད་པ་ལས་བཟང་།
རྟ་བྷའི་ཁྱིམ་དང་འདྲ་བར་གནས་འདི་ནི་སྔར་བཞིན་སྡེ་མི་རང་གི་ཁྱིམ་ཡིན་མོད། ཡིན་ཡང་ཁྱིམ་ཚང་རེ་རེས་ཞིང་པའི་སྤྲོ་སྐྱིད་ཁང་གི་སྒོ་བྱང་བཀལ་ནས་སྡེ་བ་ཧྲིལ་པོ་གྲལ་དུ་བསྟར་བའི་དམངས་ཤག་མང་པོར་གྱུར་ཡོད། རྨ་ཆུའི་འགྲམ་ངོགས་སུ་ཡོང་བའི་ཡུལ་སྐོར་བ་རྣམས་འགྲོ་འདུག་ལ་བྲེལ་བ་མེད་པར་གནས་འདི་ནས་བསྡད་ཆོག་པ་དང་། ས་གནས་ཀྱི་ཟས་དང་རྨ་ཆུའི་འགྲམ་ངོགས་ཀྱི་མཛེས་ལྗོངས་ལ་རོལ་མྱོང་བྱས་ཏེ་ས་གནས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཟབ་ཞུགས་བྱས་ཆོག་པ་རེད།
ཀླད་ནས་མར་ལ་བལྟས་ཚེ། མུ་འབྲེལ་གྱི་འོད་རྟེན་པང་ལེབ་ལུང་གཞུང་དུ་ཁྱབ་ཡོད། ལུང་གཞུང་དུ་འཕྲོས་བའི་འོད་ཀྱི་ཐིག་པ་རེ་རེ་སྡེ་མི་རྣམས་ཀྱི་འཚོ་བའི་ཡོང་འབབ་ཏུ་བསྒྱུར་ཡོད་པ་རེད།
རྨ་ལྷོ་ཁུལ་གཅན་ཚ་རྫོང་སྣང་ར་ཞང་བདེ་སྐྱིད་སྡེ་བའི་སྡེ་མི་རྟ་བྷས་བཤད་རྒྱུར།
ངེད་ཚང་གི་ཟླ་རེའི་ཡོང་སྒོ་སྒོར་བདུན་ཅུ་བརྒྱད་ཅུ་ཙམ་ཡིན། ཡོང་སྒོ་བཟང་བའི་ཁྱིམ་ཚང་གི་ཡོང་སྒོ་ཟླ་གཅིག་ལ་སྒོར་སུམ་བརྒྱ་བཞི་བརྒྱ་ཙམ་རེད། འོད་རྟེན་ལས་ཐོབ་པའི་ཡོང་སྒོ་ཐད་ཀར་ཞིང་དུད་ཀྱི་དངུལ་ཁང་བྱང་བུའི་སྟེང་རྒྱག་པ་རེད།
གསར་འགོད་པས་ཁྱོད་ལ་ལས་ཀ་འདི་ལས་གཞན་ད་དུང་ཅི་ཞིག་ཡོད་དམ་ཞེས་དྲིས་པ་ན།
རྟ་བྷས་བཤད་རྒྱུར། ང་ལ་ད་དུང་སྤྱི་ཕན་རང་བཞིན་གྱི་རྩྭ་ས་དོ་དམ་མི་སྣའི་ལས་རྐང་ཞིག་ཡོད། ཟླ་གཅིག་གི་ཟླ་ཕོགས་སྒོར1800ཡིན།
ཡུལ་གཞན་གནས་སྤོ་ཡིས་མང་ཚོགས་ལ་ཁྱིམ་གཞིས་ལེགས་པོ་བསྐྲུན་པ་དང་། ཞིང་པར་ཡུལ་སྐོར་ཇི་ལྟར་གཉེར་དགོས་པ་དང་། འོད་རྟེན་ལས་ཡོང་སྒོ་ཇི་ལྟར་འཚོལ་སྟངས་ཁྲིད། སྤྱི་ཕན་རང་བཞིན་གྱི་ལས་རྐང་ལས་རྒྱུན་མཐུད་ངང་དམངས་འཚོ་འདེགས་སྐྱོར་བྱས་ཡོད། བདེ་སྐྱིད་སྡེ་བ་སྟབས་བདེའི་ངང་མི་ཚང་མ་རི་མགོ་ནས་ཆུ་འགྲམ་དུ་སྤོས་པ་ཙམ་མིན་པར་གནས་སྤོས་མང་ཚོགས་ཀྱིས་སྒོ་འགྲམ་ནས་ཡུལ་སྐོར་གྱི་ཡོང་སྒོ་འཚོལ་ཐུབ་པར་བྱས། ལྗོངས་ཁུལ་གྱི་བགྲོད་ལམ་ལ་གཙང་སྦྲ་བྱས་ལ་དོན་དུ་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་བ་རེད།
གལ་ཏེ་བདེ་སྐྱིད་སྡེ་བ་ནི་གྲོང་གསེབ་ཀྱི་ཡུལ་སྐོར་རྩ་བ་ཚུགས་ནས་ཕན་འབྲས་རགས་ཙམ་ཐོན་པའི་མ་དཔེ་ཞིག་ཡིན་ཚེ། ང་ཚོ་ད་ལྟ་འགྲོ་སའི་མ་ཅི་སྡེ་བ་ལས་གྲོང་གསེབ་ཡུལ་སྐོར་དེ་ཡོད་པ་ནས་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་པའི་བར་གྱི་འཕོ་འགྱུར་མཐོང་ཐུབ། འཐུས་ཚང་དུ་ཆགས་པའི་རིག་གནས་ཡུལ་སྐོར་ལས་རྣམ་ལས་ཡུལ་ཕྱོགས་གཅིག་གི་རིན་ཐང་འདོན་སྤེལ་གང་ལེགས་བྱས།
མ་ཅི་སྡེ་བའི་ཡུག་ཙོས་བན་ཡུལ་སྐོར་ལྗོངས་ཁུལ་གནས་དེར་ཆགས་ཡོད། ལོ་བཅུའི་སྔོན་ལ་གནས་འདི་ད་དུང་སྤྱིར་བཏང་གི་ས་རྒོད་དུ་བསྐྱུར་བའི་ཞིང་ས་ཡིན། ལྗོངས་ཁུལ་བསྐྲུན་པ་ལས་ས་དེའི་སྡེ་མི་མང་པོའི་ལས་དབང་ལ་འགྱུར་བ་བཏང་། ཡོན་ཡུས་ཞང་ནི་དེའི་ཁྲོད་ཀྱི་གཅིག་རེད།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཏུང་ཧོ་ཞང་མ་ཅི་སྡེ་བའི་སྡེ་མི་ཡོན་ཡུས་ཞང་གིས་བཤད་རྒྱུར།
ངའི་མིང་ལ་ཡོན་ཡུས་ཞང་ཟེར། ད་ལྟ་ཧུའུ་ཀྲུས་ཡུག་ཙོས་བན་སྐྱེ་ཁམས་རིག་གནས་ལྗོངས་ཁུལ་གྱི་བཟའ་བཏུང་པུའུ་ཡི་སྤྱི་གཉེར་བ་ཡིན། ད་ལོར་ང་ལ་ཡང་བསྐྱར་ཐོབ་ཐང་གསར་པ་ཞིག་ཐོབ་ཡོད། དེ་ནིNPCསམ་ལྗོངས་ཁུལ་གྱི་མི་ངོ་མའི་མཉམ་འགུལ་འཁྲབ་སྟོན་པ་སྟེ། ཡིའུ་སྲུ་མོ་ཞེས་པ་དེ་ཡིན། ང་ལྗོངས་ཁུལ་འདི་སོ་མ་ལས་དུས་ཡོང་ནི་ཡིན། འགོ་བརྩམས་མ་ཐག་ངས་ཀྱང་ཁྱིམ་དུ་ཞིང་ལས་གཉེར་བཞིན་ཡོད། སྐབས་དེར་སྡེ་བ་རེ་རེར་ཚོགས་པ་རེ་ཡོད་པ་དང་། ཚོགས་པའི་ནང་དུ་ལས་མི་བསྡུ་བའི་བརྡ་སྦྱོར་ཞིག་བསྐུར་བས་ངས་ཀྱང་དེ་རུ་སོང་ནས་ཚོད་ལྟ་ཞིག་བྱས་ན་བསམ་ཞིང་། ལས་མ་ཐུབ་རུང་ཕྱིར་ཡུལ་ལ་ལོག་ཆོག་པ་རེད། འདི་འདྲའི་བསམ་ཚུལ་བཅངས་ནས་ཡོང་བ་ཡིན་ལ། ད་ལྟ་འདི་ནས་བསྡད་དེ་ལོ་བཅུ་འགོར་ཡོད། སྔོན་ཆད་ཁྱིམ་ནས་ཞིང་ལས་གཉེར་དུས་ལུས་ཧྲིལ་བོར་ས་རྡུལ་གྱིས་ཁེངས་ཡོད། ལས་སྟེགས་འདི་ནས་ལས་ཀ་འདི་ལས་རྗེས། རང་ཉིད་ལ་མཛེས་སྤྲས་ཀྱང་བྱེད་ཤེས་ཡོད། གཉིས་པ་ནི་ཡོང་འབབ་ཡིན། འདིའི་ཐད་ནས་ངོ་མས་ཧ་ཅང་བཟང་། ལོ་རེར་ཡོང་འབབ་སྒོར་ཁྲི་གཅིག་ཡས་མས་བཙལ་ཐུབ་པ་དང་། འཚོ་བའི་ཆུ་ཚད་ཀྱང་མཐོ་རུ་ཕྱིན་ཡོད། ད་ལྟ་རང་ཉིད་ཀྱི་མི་ཚེ་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པས་ངོ་མཚར་དང་མཚར་སྡུག་གིས་ཁེངས་ཡོད།
ཡིའུ་ཙུའེ་ཝན་ཡུལ་སྐོར་མཛེས་ལྗོངས་ཁུལ་ཐོག་མར་བསྐྲུན་དུས་སུ་གཙོ་བོར་རྒྱ་ཁྱོན་ཆེན་པོས་མེ་ཏོག་དང་རྩི་ཤིང་བཏབ་ནས་མི་རྣམས་ཀྱི་ཡིད་དབང་བཀུག་ཅིང་། རྗེས་སུ་དོ་དམ་པས་མེ་ཏོག་གི་ལྟད་མོ་ལས་བཙལ་བའི་པ་སེ་ཁོ་ནར་བརྟེན་ནས་ཡུན་རིང་བོར་ཐོན་ལས་ལ་འདེགས་སྐྱོར་བྱེད་དཀའ་བ་ཚོར། དམངས་སྲོལ་མགྲོན་ཁང་དང་སྤྲོ་རྩེད་རྣམ་གྲངས་རྒྱ་ཆེར་གཏོང་བ་ནས་བྱིངས་སིམ་རྣམ་པའི་ས་གནས་ཀྱི་འཁྲབ་སྟོན་ལ་ཤུགས་བསྣན། དེས་ས་གནས་དེ་གའི་སྡེ་མིར་མཁོ་འདོན་བྱས་པ་ནི་གླ་ཕོགས་ཁོ་ན་ཙམ་མིན། ཡོན་ཡུས་ཞང་ལ་ཆ་མཚོན་ནས་བཤད་ན། སྒོ་འགྲམ་དུ་བསྐྲུན་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དེས་ཞིང་པ་བུད་མེད་དཀྱུས་མ་ཞིག་གིས་ལོ་མང་རིང་སྦས་པའི་དགའ་ཞེན་དང་ལེན་བྱས་པ་ཡིན། ས་ཞིང་གིས་ལོ་ཏོག་ཁོ་ན་ཐོན་པ་མིན་པར་མི་ཕལ་བ་ཞིག་གི་ཕུགས་འདུན་ཡང་བཀྱགས་ཡོད།
ཡོན་ཡུས་ཞང་གི་འཛུམ་མདངས་ཁྲོད། ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བྱས་པ་ལས་བྱུང་བའི་བློ་བདེ་པོ་ཡོད་ལ། འབབ་འཕར་དང་དགའ་ཞེན་ལས་བྱུང་བའི་བདེ་སྐྱིད་ཀྱང་ཡོད།
རྨ་ཆུའི་ཐང་རྒོད་དུ་འགོ་བརྩམས་པའི་ཐུན་མོང་གི་འཚོལ་ཞིབ་ནས། ཡུལ་གཞན་དུ་གནས་སྤར་རྗེས་ཁྱིམ་གཞི་སྐྲུན་པ་དང་དར་རྒྱས་བྱུང་བའི་འཚོ་བ་བརྟན་པོ། དེ་ནས་རི་རྒོད་མཛེས་ལྗོངས་ཁུལ་དུ་གྱུར་བའི་བར་མི་ཕལ་བའི་ཕུགས་འདུན་ལ་འོད་སྣང་སྟེར་བའི་ངོ་མཚར་ཀྱི་འགྱུར་ལྡོག་མངོན། གཙང་བོའི་འབྱུང་ཁུངས་ཀྱི་སྡེ་བ་འདི་གསུམ་གྱི་གཏམ་རྒྱུད་ནི་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་རིམ་སྤོར་འཕེལ་རྒྱས་བྱུང་བ་ཙམ་མིན་པར། དེ་བས་ཀྱང་གཙང་ཆུའི་འབྱུང་ཡུལ་གྱི་ས་གཞིའི་སྟེང་རི་སྔོ་ཆུ་དྭངས་དེ་གསེར་རི་དངུལ་རིར་བསྒྱུར་བའི་གསོན་ཉམས་ལྡན་པའི་ལག་ལེན་ཡིན། རི་ཆུ་སྔར་བཞིན་གནས་ཡོད་མོད། འོན་ཀྱང་ས་ཞིང་གི་རིན་ཐང་བསྐྱར་དུ་བསླང་བ་ཡིན། ཁྱིམ་གཞིས་རྒྱང་རིང་དུ་ཕྱིན་མེད་ལ་མི་རབས་ནས་མི་རབས་བར་མི་ཕལ་བའི་ལས་དབང་དེ་རྐང་འོག་གི་ཕ་ས་འདིའི་སྟེང་བསྒྱུར་བཞིན་ཡོད། ཡུལ་སྐོར་ཞེས་པའི་སྒེའུ་ཁུང་འདིའི་རྒྱབ་ཏུ། ལང་ལོང་དུ་འཕྱུར་བ་ནི་མཐོ་སྒང་གི་གྲོང་གསེབ་ཏུ་མི་རབས་ནས་མི་རབས་བར་ཉམས་པ་མེད་པའི་ནང་སྐྱེས་ཀྱི་སྟོབས་ཤུགས་དེ་ཡིན་ལ། ཕ་ས་ཆེན་པོའི་སྟེང་གྲོང་གསེབ་དར་རྒྱས་འགྲོ་བའི་སྙིང་རྩའི་འཕར་འགུལ་དེ་ཡིན།