ཀྲུའུ་ཀི་ཡུས་ཅེ་ཡིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་མཚོ་སྔོན་པོ་རུ་རྟོག་ཞིབ་བྱས།

ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

ཟླ11པའི་ཚེས2ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཀྲུའུ་ཀི་ཡུས་ཅེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་དང་མཚོ་སྔོན་པོ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བཅས་སུ་སོང་ནས་རྟོག་ཞིབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་གཏིང་ཟབ་ངང་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་མཁན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ། ཀྲུའུ་ཀི་ཡུས་ཅེ་ཡིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅོས་སྐྱོང་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་སྙན་ཞུར་ནན་ཏན་གྱིས་ཉན་པར་མ་ཟད། འབྲི་ཆུ་དང་རྨ་ཆུ།  རྫ་ཆུ་བཅས་ཀྱི་འགོ་ཁུངས་ས་ཁུལ་གྱི་གཞི་རིམ་ལས་བྱེད་པ་དང་སྐྱེ་ཁམས་ཁོར་སྲུང་བར་བརྙན་ལམ་ནས་འབྲེལ་བ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་གནས་ཚུལ་ཞིབ་མོར་དྲིས། ཁོས་ནན་གྱིས་བསྟན་དོན། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་ཀྱི་གོ་གནས་དམ་འཛིན་ནན་མོ་བྱེད་པ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཚད་མཐའ་དང་མཚམས་ཐིག་མཐའ་གཅིག་ཏུ་བརྟན་པོར་བསྲུང་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་མཐའ་གཅིག་ཏུ་བརྟན་པོར་བསྐྲུན་དགོས།

མཚོ་སྔོན་པོའི་ཁེ་རེམ་ཐང་དུ། ཀྲུའུ་ཀི་ཡུས་ཅེ་ཡིས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སོགས་ཀྱི་བྱ་བར་ཡུལ་དངོས་ནས་རྒྱུས་ལོན་བྱས་ཏེ། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་ཏུ་བསྟར་བ། རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བཅས་བྱས་ནས། མཚོ་བོད་མཐོ་སྒང་གི་དྲོད་གཤེར་ཅན་གྱི་ཆུའི་ཁོར་ཡུག་དང་ཆུའི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་ཕྱོགས་བསྡུས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཆུ་དང་རྩྭ། ཉ། འདབ་ཆགས་དང་གཅན་གཟན་བཅས་མཉམ་གནས་ཀྱི་སྐྱེ་ཁམས་མ་ལག་སྔར་ལས་དོ་མཉམ་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སྤྱི་གླིང་གི་འོས་འདེམ་ཁུལ་འཛུགས་སྐྲུན་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ཡིན་པའི་དཔེ་སྟོན་ཁུལ་གསར་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས།

རྟོག་ཞིབ་སྐབས་སུ། ཀྲུའུ་ཀི་ཡུས་ཅེ་མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བར་སོང་ནས། ཡུལ་དངོས་སུ་སྡེ་བའི་རྣམ་པ་དང་གཞི་རིམ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སྡེ་མི་བསོད་ནམས་ཚེ་རིང་ཚང་ལ་སོང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་དངོས་སུ་གཟིགས་ཞིབ་ཏུ་ཕེབས་པའི་སྤྲོ་དགའི་དུས་ལ་མཉམ་དུ་ཕྱིར་དྲན་བྱས་ཤིང་།  སྐྱེ་ཁམས་དང་འཚོ་བ། སྐྱེ་ཁམས་ལྟ་སྲུང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཚང་མས་མངགས་བཅོལ་ཡིད་ལ་དམ་པོར་འཛིན་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ། སྐྱེ་ཁམས་གཙོ་བོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཡུལ་བབ་དང་བསྟུན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། ལག་རྡང་སྦྲེལ་ནས་མཛེས་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་དགོས་པའི་སྐུལ་མ་བཏང་།

ལིའུ་ཐའོ་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།