
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་ཆེན་པོ་འགའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། ང་ཚོའི་ཏང་གིས་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ཀྱི་བློ་རིག་གསལ་བོ་དང་བློ་སྟོབས་བརྟན་པོ་གང་ལེགས་ཀྱིས་མངོན་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་སྟོབས་ལྡན་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་ལེགས་པར་མཚོན་ལ། དེ་ལ་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། བསྟུད་མར་ཉིན་འགའི་རིང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱསཔ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པར་མདུན་དུ་སྐྱོད་པ་དང་མིག་དཔེ་བསྟན་ནས། རྒྱུགས་སྤྲོད་ཀྱི་ལམ་བུ་གསར་པའི་ཐོག་སྔར་ལས་ལྷག་པའི་རྒྱུགས་ལན་སྤྲོད་རྒྱུ་ཡིན་པ་བསྟན།
ཚང་འཛོམས་གྲོས་ཚོགས་ལས་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་མ་ལག་རང་བཞིན་གྱི་བཀོད་སྒྲིག་བྱས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་འགུལ་སྐྱོད་གཉིས་ངེས་པར་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་གཅིག་གྱུར་ཡོང་བར་བྱས་ནས། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་བསྟན།

ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་གཞུང་ལུགས་ཅུས་ཀྱི་ཅུས་ཀྲང་ཁྲེན་ཆི་ཆིན་གྱིས་བཤད་རྒྱུར། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་ཉམས་མྱོང་རྩ་ཆེན་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྣེ་ཁྲིད་པའི་ཁ་ཕྱོགས་ལ་རག་ལས་པ་མ་ཟད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སྔར་ལས་ལྷག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱ་རྒྱུ་ཡིན་ལ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལེགས་པོ་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྔར་ལས་འགྱུར་མེད་སྟོབས་ལྡན་གྱི་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྱོང་བྱེད་ཆེད་བྱས་རྗེས་གསར་པ་འབུལ་རྒྱུ་ཡིན།
ཕྱི་འབྲེལ་པུའུ་ཡི་མཐའ་མཚམས་དང་རྒྱ་མཚོའི་ལས་དོན་སིའི་སི་ཀྲང་ཧོའུ་ཡན་ཆི་ཡིས་བཤད་རྒྱུར། འཛམ་གླིང་སྟེང་དུ་སྲིད་ཏང་གང་ཞིག་གིས་ཀྱང་ཀྲུང་གོའི་གུང་ཁྲན་ཏང་ལྟར་རང་ཉིད་ལེགས་སྐྱོང་བྱེད་པར་སྤྱོད་ཚུལ་འདི་འདྲའི་གཟབ་ནན་བྱེད་མི་སྲིད་ལ། འདི་འདྲའི་ཚད་མཐོ་བའི་རང་རྟོགས་ཀྱི་སྒོ་ནས་ཚན་རིག་དང་མཐུན་པའི་རྣམ་འགྱུར་དང་། མ་ལག་ཅན་གྱི་བྱེད་སྟངས་ལ་བརྟེན་ནས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་འདི་ནི་ང་ཚོའི་ཏང་གི་མངོན་གསལ་གྱི་དགེ་མཚན་ཞིག་ཡིན་པ་མ་ཟད། དུས་རབས་ལ་སྣེ་ཁྲིད་པར་རྒྱལ་ཁ་ལེན་པའི་ཐབས་ལམ་ཞིག་ཀྱང་རེད། ང་ཚོས་ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་ཏན་ཏིག་གི་ཐོག་ནས་ཕྱི་འབྲེལ་འཐབ་ཕྱོགས་ལ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“ཀྲུང་གོའི་བཅོས་སྐྱོང”དང“ཀྲུང་གོའི་གུང་ཁྲན་ཏང་གི་བཅོས་སྐྱོང”ལ་སྔར་ལས་ཤེས་རྟོགས་ཡོང་བར་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་ཡིན།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐད་གཏོགས་ལས་ཁུངས་ཏང་ཨུའི་ཉིན་རྒྱུན་བྱ་བའི་ལས་འགན་འཁུར་མཁན་གྱི་ཧྲུའུ་ཅི་གཞོན་པ། ཙིན་ཧྲིན་ཐང་གིས་བཤད་རྒྱུར། དུས་རབས་གསར་པར་སླེབས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྔར་མེད་ཀྱི་ཤུགས་ཚད་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་བས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཆེན་པོ་ཐོབ་པ་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་བཏང་སྟེ། ལོ་བརྒྱའི་རིང་གི་ཏང་ཆེན་པོས་རང་ངོས་གསར་བརྗེའི་རྣམ་པ་གསར་པ་བསྐྲུན། ལས་འགན་ཅི་ཙམ་དཀའ་ཚེགས་ཆེ་ན་དེ་ཙམ་གྱིས་རང་ཉིད་བདེ་ཐང་སྟོབས་ཆེར་ཡོང་བར་བྱེད་དགོས་ལ། མདུན་ལམ་ཅི་ཙམ་འོད་སྟོང་ལྡན་ན་དེ་ཙམ་གྱིས་རིག་པ་དྭངས་གསལ་མཐའ་འཁྱོངས་བྱེད་དགོས། ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཕན་འབྲས་དེ་མི་དམངས་ཀྱི་བདེ་ཐང་སྲུང་བའི་བྱ་སྤྱོད་དངོས་ལ་བསྒྱུར་ཏེ། སྤྱོད་གཙང་དྲང་གཞག་གི་ལས་རིགས་ཁོར་ཡུག་ལ་བརྟེན་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་པ་དང་། བདེ་ཐང་གི་ཀྲུང་གོའི་དམིགས་འབེན་དུས་བཅད་ལྟར་མངོན་འགྱུར་ཡོང་ཆེད་ཆབ་སྲིད་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས།
ཆུ་བེད་པུའུ་ཡི་གཙང་པོ་དང་མཚེའུ་དོ་དམ་སིའི་སི་ཀྲང་ལི་ཁྲོན་མུན་གྱིས་བཤད་རྒྱུར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་དགོས་ལ། སྣེ་ཁྲིད་དེ“སྲུང་སྐྱོང་གཉིས”ལག་བསྟར་ཡག་པོ་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སློབ་སྦྱོང་གི་ཕན་འབྲས་དེ་ལས་འགན་སྒྲུབ་པའི་དོན་དངོས་ཀྱི་བྱ་སྤྱོད་དུ་བསྒྱུར་དགོས།
ཚང་འཛོམས་གྲོས་ཚོགས་ལས་གུང་ཁྲན་ཏང་མིའི་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་མོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་སོགས་ཀྱི་ཐད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་ལས་འགན་ཐད་བླང་བྱ་ཁ་གསལ་བཏོན་ཡོད། ཚང་མས་བསྟན་དོན། ངེས་པར་དུ་སྣེ་ཁྲིད་ལེགས་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཁུངས་ཀྱི་སྒྲིག་ཨུའི་ཧྲུའུ་ཅི་ཀྲང་ཞིའུ་ཝུའུ་ཡིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་དེང་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། ཏང་གིས་འཕེལ་རྒྱས་དང་བཅོས་བསྒྱུར་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གཤིས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ནས་སྟོབས་དང་ལྡན་པའི་གཞི་རིམ་ཏང་རྩ་འཛུགས་སྲ་བརྟན་དུ་གཏོང་དགོས། སྤྱོད་སྲོང་སྒྲིག་ནན་ལ་མུ་མཐུད་དུ་ཤུགས་བསྣན་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས་ལ། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་འཕེལ་རྒྱས་བཅོས་བསྒྱུར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་འཛུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཏིན་ཧྲའོ་ཀྲུང་གིས་བཤད་རྒྱུར། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་ཁྲིད་སྟོན་དུ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམིགས་ནས། ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་གི་འགན་འཁྲི་བཅས་གཅིག་གྱུར་འཆར་འགོད་ཀྱིས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྒྱལ་དབང་ཁེ་ལས་ཀྱི་ཏང་ཨུ་ཡིས་ཁ་ཕྱོགས་འཛིན་པ་དང་། ཁྱོན་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་འཐབ་ནུས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ལ་བརྟེན་ནས་རྒྱལ་དབང་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་དང་། ཐོན་ལས་ཚོད་འཛིན། བདེ་འཇགས་འདེགས་སྐྱོར་བཅས་ཀྱི་འགན་འཁྲི་སྔར་བས་ཡག་པོ་སྒྲུབ་པར་སྣེ་ཁྲིད་དང་འགན་སྲུང་བྱེད་དགོས།
ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་མཛུབ་སྟོན་ཅུས་ཀྱི་ཅུས་ཀྲང་གཞོན་པ། ལས་ཁུངས་ཀྱི་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པ་པེན་ཀྲུང་མུན་གྱིས་བཤད་རྒྱུར། སྲིད་ཁྲིམས་ཁོངས་གཏོགས་ཀྱིས་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། “ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ”ཞེས་པའི་བརྗོད་བྱ་གཙོ་བོ་དང་གཙོ་ཐིག་ཁོང་དུ་བརྟན་པོར་ཆུད་པ་དང་། སྲིད་ཁྲིམས་ཁྱབ་ཁོངས་སུ་ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་མོ་དང་ཉེན་རྟོག་པ་བཅོས་སྐྱོང་བྱ་རྒྱུར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། བློ་དཀར་དང་། སྤྱོད་གཙང་། ཁུར་ལེན་བཅས་ཀྱི་དུས་རབས་གསར་པའི་སྲིད་ཁྲིམས་ཧྲག་དམག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས།
ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི་ཝང་ཧྥེ་ཡིས་བཤད་རྒྱུར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་སྦྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྤྱད་དེ་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཏན་ཏིག་བྱ་དགོས་ལ། འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གིས་གཏོད་དགོས།
ཚང་མས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་ངེས་པར་དུ་མིག་དཔེ་སྟོན་དགོས་ལ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་མ་ལག་རྒྱུན་མི་ཆད་པར་འཐུས་ཚང་དུ་བཏང་ནས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུའི་ཐོག་ཡག་པོར་བསྐྱོད་དེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་ལེའུ་གསར་པ་འབད་པས་རྩོམ་དགོས།
ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་གཞོན་པ། རིམ་པ་དང་པོའི་སྐོར་ཞིབ་པ་ཧི་ཧྲུའུ་ཧུང་གིས་བཤད་རྒྱུར། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གལ་ཆེན་འཁུར་ཡོད། ང་ཚོས་སྤྱོད་ཚུལ་དམ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཉམས་མྱོང་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་ཁྲིམས་དམ་ནན་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ། སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ། སྤྱོད་ཚུལ་དང་རུལ་སུངས་ཞིབ་བཤེར་དང་བཅོས་སྐྱོང་མཉམ་དུ་དམ་འཛིན་བྱེད་པ་དང་། ཞིབ་བཤེར་བཅོས་སྐྱོང་གཞི་གཅིག་ཏུ་འགྱུར་བ་དང་། དག་ཐེར་ཡོ་བསྲང་མཉམ་འཛིན་ལ་སྐུལ་འདེད་གཏོང་དགོས་ལ། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་ལྡན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། དར་སྲོལ་བཟང་པོ་ཆགས་པར་བྱས་ཏེ། ཏང་ཡོན་ལས་བྱེད་པས་སྒྲིག་བརྩི་ཁྲིམས་སྲུང་ཁྲོད་ལས་སྒྲུབ་ལས་གཏོད་བྱེད་པར་སྐུལ་སྤེལ་གཏོང་དགོས།
ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ལས་བྱེད་ལྟ་སྐུལ་ཅུས་ཀྱི་ཅུས་རིམ་པའི་སྐོར་ཞིབ་ཆེད་བསྐོས་མི་སྣ་དང་། པུའུ་རིམ་པའི་སྐོར་ཞིབ་བྱ་བའི་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་ཧུང་གིས་བཤད་རྒྱུར། རྩ་འཛུགས་སྡེ་ཁག་གི་ལས་བྱེད་པའི་ལྟ་སྐུལ་བྱ་བས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གལ་ཆེན་འཁུར་ཡོད། ང་ཚོས“གཏན་འཁེལ་གཉིས”ལ་གོང་བཀུར་མཐའ་གཅིག་ཏུ་བྱེད་པ་དང“སྲུང་སྐྱོང་གཉིས”ལེགས་པར་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ལངས་ཏེ། ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཡོད་ལ། ཚང་འཛོམས་གྲོས་ཚོགས་སྟེང་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ལྟར། གཞི་གདངས་ནན་མོར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་ལྟ་སྐུལ་དེ་ཨང་དང་པོར་བཞག་ནས། ལས་བྱེད་པའི་དོ་དམ་དང་ལྟ་སྐུལ་ལ་ཤུགས་སྣོན་དང་། མི་འདེམས་སྤྱོད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། ལམ་ལུགས་ཀྱི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་གཏོང་བ། ལས་བྱེད་པས་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས།
ཚན་རྩལ་པུའུ་ཡི་ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཁུངས་སྒྲིག་ཨུའི་ཧྲུའུ་ཅི་ལུའོ་ཅན་ཧྭ་ཡིས་བཤད་རྒྱུར། ང་ཚོས་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་ལ་འབད་འབུངས་ཡར་བརྩོན་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་བཏང་སྟེ། ཚན་རྩལ་དོན་ཚན་གལ་ཆེན་གྱི་ཇུས་ཆོད་དང་། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་སོགས་ཐད་ཀྱི་བྱ་བའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་། ཚན་རྩལ་ཁྱབ་ཁོངས་ཀྱི་རིག་གཞུང་ཁོར་ཡུག་དང་ཚན་ཞིབ་ཁོར་ཡུག་རྒྱུན་མཐུད་ངང་གཙང་སྒྱུར་བྱེད་དགོས། ཚན་རྩལ་རྒྱལ་ཁབ་སྟོབས་ལྡན་གྱི་ལས་འགན་ལྕི་མོ་འཁུར་ཐུབ་པའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་པ་དང་། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཐེངས་ཉེར་གཅིག་པ་རྒྱལ་ཁའི་ངང་འཚོག་ཐུབ་པར་བསུ་མ་བྱེད་རྒྱུ་ཡིན། །