མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། ཡོམ་འགོག་རྒུད་སྐྱོབ་དང་འཕྲིན་བཅར་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ཚད་རིམ7.0གྱི་ས་ཡོམ་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡུས་ཧྲུའུ་ཡོམ་ཁུལ་གྱི་ཡོམ་འགོག་རྒུད་སྐྱོབ་བྱ་བ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་དགོས་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་གང་མགྱོགས་ཀྱིས་དང་ལེན་དང་མདུན་སར་བཀོད་འདོམས། སྟོབས་ཤུགས་གཞི་རིམ་དུ་སྐྱོད་པ་བཅས་བྱས་ཏེ། ས་ཡོམ་གྱི་གནོད་འཚེའི་ཉེན་ཁར་དུས་ཐོག་ཏུ་ཁ་གཏད་ནུས་ལྡན་འཇལ་བ་དང་། གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཏེ། ཡོམ་ཁུལ་གྱི་སྤྱི་ཚོགས་ཡོངས་གཞི་རྩའི་ཆ་ནས་བརྟན་བརླིང་ཡིན། རིམ་པ་རྗེས་མར། “མི་རེར་སྲིད་ཇུས་རེ་དང་། ཁྱིམ་ཚང་རེར་ཐབས་ཇུས་རེ”ཡི་བྱེད་ཐབས་ལྟར་གནོད་ཐེབས་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་དགོས་ལ། སྔ་མོ་ནས་དགུན་དུས་ཀྱི་དྲོད་ལྡན་དངོས་ཟོག་བཀོད་སྒྲིག་དང་གནས་སྐབས་སྨན་བཅོས་འདོན་སྤྲོད་གང་ལེགས་བྱས་ཏེ། བར་བརྒལ་དུས་སྐབས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལ་འགན་ལེན་ཏན་ཏིག་བྱ་དགོས། ཡོམ་འཕྲོ་ལྟ་ཞིབ་ཚད་ལེན་དང་ས་ཡོམ་གྱི་གནས་ཚུལ་མཉམ་གྲོས་དང་ཞིབ་འཇུག་བརྡར་གཅོད་བྱ་བ་མུ་མཐུད་ལེགས་པར་བསྒྲུབ་སྟེ། མངོན་མེད་རྐྱེན་ངན་ལ་སྐོར་ཞིབ་དང་ལེབ་བཤེར་བྱས་ནས་ཞོར་ཐོན་གནོད་འཚེ་འབྱུང་བར་སྔོན་འགོག་ནན་མོ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་གནོད་ཐེབས་གནས་ཚུལ་ཞིབ་བཤེར་གསལ་བོ་བྱས་ཏེ། གཞི་གྲངས་བདེན་ཅིང་ཡང་དག་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་པར་ཁག་ཐེག་བྱས་ནས། བསྐྱར་སྐྲུན་བྱ་བར་ཡང་དག་པའི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། སླར་གསོ་བསྐྱར་སྐྲུན་གྱི་བྱ་བ་གང་མགྱོགས་སྒོས་སླར་གསོ་བྱེད་དགོས་ལ། བཟོ་སྐྲུན་གྱི་སྤུས་ཚད་དང་འཕེལ་རིམ་ཇེ་དམ་དུ་བཏང་ནས། ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ཀྱིས་བདེ་འཇགས་ངང་དགུན་སྐྱེལ་བར་འགན་སྲུང་བྱེད་དགོས།
གྲོས་ཚོགས་ལས་བསྟན་དོན། འཕྲིན་བཅར་བྱ་བ་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གིས་འཕྲིན་བཅར་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཀྲུང་དབྱང་འཕྲིན་བཅར་བྱ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཁབ་འཕྲིན་བཅར་ཅུས་ཀྱི་བྱ་བའི་བཀོད་སྒྲིག་ལྟར། “ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་རྒྱུན་འཁྱོངས་དང་། ཁོངས་གཏོགས་ས་ཆར་དོ་དམ་དང་རིམ་བགོས་འགན་འཁུར་བ། གཙོ་སྐྱོང་སུ་ཡིན་ན་དེས་འགན་འཁུར་དགོས་པའི”རྩ་དོན་ལྟར་རིམ་པ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་འགན་འཁྲི་རྒྱུན་མཐུད་ངང་ཇེ་དམ་དུ་གཏོང་བ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གྱོད་གཞི་འགན་གཙང་ལེན་གྱིས་འགག་སྒྲོལ་བྱ་དགོས་པ་དང་། དཀའ་གནད་ཆེ་སའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས། ཡིག་བསྐུར་ངོ་བཅར་འབྱུང་རྩ་ནས་བཅོས་སྐྱོང་གཏིང་ཟབ་བྱེད་དགོས་ལ། འགལ་བ་དང་རྩོད་གཞི་སྣ་མང་ཅན་དུ་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་། རིམ་པ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་དངོས་གཞི་ཅན་གྱི་འཁོར་སྐྱོད་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་གང་ལེགས་བྱེད་པ་དང་འགོ་འབུས་མ་ཐག་ནས་ཐག་གཅོད་དགོས་པ་མ་ཟད། འཕྲིན་བཅར་བྱ་བའི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་བསྐྲུན་དགོས། །