ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་མཛེས་རྩལ་བརྩམས་ཆོས་མཚོ་སྔོན་དུ་འགྲེམ་སྟོན་བྱེད་མགོ་བརྩམས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས31ཉིན། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་སྐབས་གསུམ་པ”མཚོ་སྔོན་མཛེས་རྩལ་ཁང་དུ་སྤེལ་མགོ་བརྩམས། འགྲེམ་སྟོན་དེ་ཀྲུང་གོ་མཛེས་རྩལ་པའི་མཐུན་ཚོགས་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། མི་རིགས་རིག་གནས་ཕོ་བྲང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མི་རིགས་རིག་གནས་ཕོ་བྲང་མི་རིགས་རི་མོའི་གླིང་། (རྒྱལ་ཁབ་མི་རིགས་རི་མོའི་གླིང)མཚོ་སྔོན་མཛེས་རྩལ་ཁང་སོགས་ལས་ཁུངས་ཀྱིས་འགན་འཁུར་ནས་བསྒྲུབས་པ་རེད། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལུའི་ཀང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཐེན་ཁུའེ་འགྲེམ་སྟོན་ལ་ཞུགས།

མགོ་རྩོམ་མཛད་སྒོའི་སྟེང་། རྒྱལ་ཡོངས་ཀྱི་མི་རིགས56ལས་ཐོན་པའི་མཛེས་རྩལ་པའི་འཐུས་ཚབ་མཐོ་སྒང་དུ་འཛོམས་ནས་མཉམ་དུ་བློ་ཁ་གཅིག་མཐུན་གྱི་མཇལ་འཛོམས་བྱས། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མི་རིགས་རིག་གནས་ཕོ་བྲང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ། སྒྱུ་རྩལ་པའི་འཐུས་ཚབ་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། དེའི་རྗེས《མཐུན་སྒྲིལ་སེམས་གཅིག མི་རིགས56གི་མཛེས་རྩལ་པའི་སྒྱུ་རྩལ་འགུལ་སྐྱོད》ཅེས་པའི་གྲོས་འདོན་ཡི་གེ་སྒྲོག་འདོན་བྱས།

ཐེངས་འདིའི་འགྲེམ་སྟོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས། མི་རིགས56གི་རི་མོ་མཁས་ཅན་ཆེད་མངགས་གདན་ཞུ་བྱེད་པ་དང་རྒྱལ་ཡོངས་ཀྱི་མཐོ་སློབ་མཛེས་རྩལ་དགེ་རྒན་བསྡུ་རུབ་དཔྱད་འདེམས་བྱེད་པའི་རྣམ་པ་སྤྱད་ནས་དཔྱད་ཞིབ་ནན་མོ་བྱས་པ་བརྒྱུད། བརྩམས་ཆོས300ལྷག་འགྲེམ་སྟོན་བྱས་པ་དང་། དེའི་ནང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ་དང་སྣུམ་ཚོན་རི་མོ། བརྐོས་རིས། བརྐོས་བཟོ། ཆུ་ཚོན་ཕྱེ་རིས། ཕྱོགས་བསྡུས་རྒྱུ་ཆ་སོགས་འདུ། བརྩམས་ཆོས་ཀྱིས་རི་མོ་འབྲེལ་ཟམ་དུ་བྱས་པ་དང་སྒྱུ་རྩལ་ལ་བརྟེན་ནས་བརྩེ་སེམས་བརྒྱུད་འདྲེན་བྱས་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་དེ་རི་ཀླུང་གི་མཛེས་རིས་སུ་བཀོད་ནས། མི་རིགས་སོ་སོའི་བར་གྱི་འགྲོ་འོང་སྤེལ་རེས་མཉམ་འདྲེས་དང་སྤུན་ཉེ་འཆམ་མཐུན་གྱི་དུས་རབས་ཀྱི་དཔེ་རིས་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཤིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་མཛེས་རིས་ཁྲོད་མཐོང་ཚོར་མྱོང་གསུམ་ཐུབ་པར་བྱས་ལ། བློ་སེམས་གཅིག་མཐུན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་མཉམ་རྩོམ་བྱས།

མགོ་རྩོམ་མཛད་སྒོའི་རྗེས་སུ། འབྲེལ་ཡོད་མི་སྣས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་མཐོང་ཡུལ་འོག་གི་དུས་རབས་གསར་པའི་མི་རིགས་བརྗོད་གཞིའི་མཛེས་རྩལ་གསར་རྩོམ་གྱི་དེང་རབས་རང་བཞིན་གྱི་འཕོ་འགྱུར”ལ་དམིགས་ནས་རིག་གཞུང་བརྗེ་རེས་བྱས། རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་སྟོན་དེ་ཟླ12པའི་ཟླ་དཀྱིལ་བར་རྒྱུན་བསྲིང་རྒྱུ་ཡིན་པ་དང་། སྤྱི་དམངས་ལ་རིན་མ་བླངས་པར་འགྲེམ་སྟོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།