མཚོ་སྔོན་ཀྲུང་ཁོང་གཏེར་ལེན་ཁའི་སྟོང་ཝ་སུམ་འབུམ་ལྔ་ཁྲི་ཅན་གྱི་འོད་དྲོད་གློག་གཏོང་དཔེ་སྟོན(ཚོད་ལྟ)ལས་གཞིའི་ཚ་ལེན་མཐོ་སྒྲོམ་བསྐྲུན་ཚར།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཉེ་ཆར། མཚོ་སྔོན་ཀྲུང་ཁོང་ཉི་ནུས་གློག་འདོན་ཚད་ཡོད་ཀུང་སིའི་གཏེར་ལེན་ཁ་སྟོང་ཝ་སུམ་འབུམ་ལྔ་ཁྲི་ཅན་གྱི་འོད་དྲོད་གློག་འདོན་དཔེ་སྟོན(ཚོད་ལྟ)ལས་གཞིའི་ཚ་ལེན་མཐོ་སྒྲོམ་གསུམ་བདེ་བླག་ངང་བསྐྲུན་ཚར་བ་དང་།  དེས་གོ་ལ་ཧྲིལ་པོར་སྐྲུན་བཞིན་པའི་སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་ཆེ་ཤོས་དང་ནུས་གསོག་ཤོང་ཚད་ཆེ་ཤོས་ཀྱི་མཐོ་སྒྲོམ་རྣམ་པའི་འོད་དྲོད་གློག་འདོན་ལས་གཞི་འཛུགས་སྐྲུན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད།

ལས་གཞི་འདི་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་འོད་རྟེན་ཐོན་ལས་གླིང་དུ་གནས་ཡོད། རྒྱ་ཁྱོན་སྤྱི་ཆིངས་བྱེ་བ་གཅིག་ས་ཡ་གསུམ་འབུམ་དགུ་སྟོང་དགུ་སུམ་བརྒྱ་གྱ་བརྒྱད་ཟིན་ཡོད། སྤྱིའི་སྒྲོམ་འཇུག་གི་ཤོང་ཚད་སྟོང་ཝ་སུམ་འབུམ་ལྔ་ཁྲི་ཡིན་པ་དང་། མཐོ་སྒྲོམ་རྣམ་པའི་ཚྭ་བཞུ་འོད་དྲོད་གློག་འདོན་ལག་རྩལ་གྱི་སྒྲོམ་གསུམ་འཕྲུལ་གཅིག་གི་སྒྲིག་སྦྱོར་ཇུས་གཞི་སྤྱད་ཡོད་ལ། ཆུ་ཚོད14ཡི་ཚྭ་བཞུ་ནུས་གསོག་དང་། ནུས་ཁུངས་གསར་པའི་གློག་འདོན་འཕར་ཆག་དང་བར་མཚམས་རང་བཞིན་གྱི་ཞན་ཆ་ནུས་ལྡན་ངང་གསབ་ནས་གློག་དྲའི་གློག་འདོན་བརྟན་པོ་ཡོང་བ་བྱས་ཡོད།  ལས་གཞིར་སྤྱིའི་མ་དངུལ་སྒོར་ཐེར་འབུམ་ལྔ་དུང་ཕྱུར་ལྔ་བྱེ་བ་དྲུག་ས་ཡ་བདུན་བཏང་བ་དང་། ཤེལ་ངོས་སྨི་གྲུ་བཞི་མ་ས་ཡ་གསུམ་གསུམ་དང་འབུམ་གཅིག་ཁྲི་ལྔ་ཡོད་པ་དང་ལོ་རེར་ཆུ་ཚོད2816སྤྱོད་པའི་ཇུས་འགོད་བྱས་ནས།   ལོ་རེར་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར་དགུ་དང་བྱེ་བ་བརྒྱད་ས་ཡ་ལྔ་ཟིན་ཡོད། བཀོལ་སྤྱོད་བྱས་རྗེས་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཉིས་འབུམ་དགུ་ཁྲི་ལྔ་སྟོང་དགུ་བརྒྱ་གྲོན་ཆུང་བྱེད་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་ལྔ་འབུམ་ལྔ་ཁྲི་དང་སུམ་བརྒྱ་ཉུང་དུ་གཏོང་ཐུབ་པས་སྐྱེ་ཁམས་ཀྱི་ཕན་འབྲས་མངོན་གསལ་ཡོང་ངེས་རེད།

ལས་གཞི2025ལོའི་ཟླ12པའི་ཚེས28ཉིན་ལས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་།  ཨར་ལས་བྱེད་སྐབས་སྔོན་ལ་ས་གནས་ཀྱི་ཨར་ལས་རྒྱུ་ཆ་སྤྱོད་པ་དང་ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་ལས་བཟོ་བ200ལྷག་བསྡུས་ནས་ལས་ཞུགས་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་རེད། ལས་གཞི་སོ་སོའི་གཙོ་གནད་ལས་གཞི་བརྟན་པོའི་ངང་སྤེལ་བཞིན་ཡོད་པ་དང་སྔོན་དཔག་བྱས་ན2027ལོའི་ཟླ12པར་དྲ་སྦྲེལ་གློག་གཏོང་ཐུབ་རྒྱུ་རེད།

མཚོ་སྔོན་ཀྲུང་ཁོང་ཉི་ནུས་གློག་འདོན་ཚད་ཡོད་ཀུང་སིའི་བཟོ་སྐྲུན་པུའུ་ཡི་སྤྱི་གཉེར་བ་ཀྲང་ཅུན་ཁྲའོ་ཡིས་བཤད་རྒྱུར།

བཀོལ་སྤྱོད་ཐུབ་རྗེས་ལས་གཞི་དེ་བཞུ་ཚྭ་གསོག་ནུས་ཀྱི་དགེ་མཚན་ལ་བརྟེན་ནས་གློག་དྲ་སྙོམས་སྒྲིག་བྱས་ནས། མཚོ་སྔོན་དང་དེ་བཞིན་གཏེར་ལེན་ཁ་ཡི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ངེས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།