
ཟླ10པའི་ཚེས28ཉིན་གྱི་སྔ་དྲོར། མཚོ་སྔོན་སློབ་ཆེན་གྱིས་གཙོ་སྒྲུབ་བྱས་པའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱིས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་འོས་སྦྱོར་ཚོགས་འདུ(ཚོགས་ཐེངས་དང་པོ)དང་། བོད་ལུགས་གསོ་རིགས་ཀྱི་བསྲོ་བའི་མེ་བཙའི་ཐོན་རྫས་འགྲེམ་སྤེལ་ཚོགས་འདུ་མཚོ་སྔོན་སློབ་ཆེན་དུ་བསྡུས། ཞིང་ཆེན་སློབ་གསོ་ཐིང་དང་ཚན་རྩལ་ཐིང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས། སྨན་རྫས་ལྟ་སྐུལ་ཅུས། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་དང་སློབ་གླིང་གི་འགོ་ཁྲིད། བཟོ་ཞིང་སྨན་རྫས་ཁྱབ་ཁོངས་ཀྱི་ཆེད་མཁས་པ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་པའི་འཐུས་ཚབ། སློབ་གྲྭའི་འགན་ནུས་ཐག་གཅོད་ཁང་དང་སློབ་གླིང་གི་དགེ་རྒན་སོགས་མི100ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད་ལ། རྒྱལ་ཁབ་སློབ་ཆེན་ཚན་རྩལ་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་དབྱི་ལིན་གྱིས་ཚོགས་འདུར་འགོ་འཛིན་བྱས།

མཚོ་སྔོན་སློབ་ཆེན་ཚན་རིག་ཞིབ་འཇུག་གླིང་གི་འགོ་གཙོ་གཞོན་པ་ལི་ཆི་ཨེན་གྱིས་བཤད་རྒྱུར། དེ་རིང་ང་ཚོའི་ངོ་སྤྲོད་བྱེད་པའི་བསྲོ་བའི་མེ་བཙའ་ཞེས་པའི་ལག་རྩལ་དེ་དང་འབྲེལ་ཡོད་ཀྱི་ཐོན་རྫས་དག་ནི་བོད་ཀྱི་གསོ་བ་རིག་པའི་སྲོལ་རྒྱུན་མེ་བཙའ་ཡི་རྨང་གཞིའི་སྟེང་གསར་སྤེལ་བྱས་པ་ཞིག་ཡིན། དེ་ལ་སྲོལ་རྒྱུན་མེ་བཙའ་ཡི་ཕན་ནུས་ཡོད་པར་མ་ཟད། གཉིད་མི་ཁུགས་པ་དང་མགོ་གཟེར་བ། ཕོ་བའི་མེ་དྲོད་ཉམས་པ་སོགས་ལ་ཕན་ནུས་ངེས་ཅན་ལྡན་ཟེར། ཚོགས་འདུའི་སྟེང་། ཚྭ་མཚོའི་ཁིལ་མཱེ་རྫས་ཀྱིས་འབར་འགོག་རིམ་པའི་ཆུ་མེད་ཐཱན་སྐྱུར་མཱེ་བཟོ་བའི་འགག་རྩའི་ལག་རྩལ་དང་། ཞོག་ཁོག་མངར་མོའི་རིགས་ཀྱི་མཱ་ལིན་ཞོག་ཁོག། བོད་ལུགས་བསྲོ་བའི་མེ་བཙའ་ཡི་ཆ་ཚང་ལག་རྩལ་དང་ཕྲེང་བསྟར་ཐོན་རྫས་བཅས་གཙོ་གནད་ལས་གཞི་གསུམ་གོ་རིམ་བཞིན་འགྲེམ་སྟོན་བྱས། བདེ་ཐང་ཆེན་མོ(མཚོ་སྔོན)ཚད་ཡོད་ཀུང་སིའི་རྐང་གཉེར་དབུ་གཙོ་ཐའོ་ཀུའེ་ལི་ཡིས་བཤད་རྒྱུར། ཐེངས་འདིའི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་གྲུབ་འབྲས་ཀྱིས་བོད་ལུགས་གསོ་རིག་གི་ཚད་ལྡན་ཅན་ཁྱབ་སྤེལ་བྱེད་པའི་མ་དཔེ་མཁོ་འདོན་བྱས་ཡོད་ལ། ང་ཚོ་ནི་མཚོ་སྔོན་རང་ས་གནས་ནས་རྐང་ཚུགས་པའི་ཁེ་ལས་ཤིག་ཡིན་པའི་ངོས་ནས་ཕུལ་བྱུང་གི་བོད་ལུགས་གསོ་རིག་ལག་རྩལ་རྒྱལ་ཡོངས་ས་གནས་ཁག་ཏུ་ཁྱབ་གདལ་གཏོང་རྒྱུའི་འགན་འཁྲི་ཡོད། མ་འོངས་པར་ང་ཚོས་བོད་ལུགས་གསོ་རིག་གི་ཐོན་སྐྱེད་དང་། ལས་སྣོན། ཁྱབ་སྤེལ་བཅས་གཞི་གཅིག་ཅན་དུ་གཏོང་བའི་བྱ་བ་མཚོ་བོད་མཐོ་སྒང་ནས་བསྒྲུབ་སྟེ། ཞབས་ཞུ་ལེགས་པོ་རྒྱལ་ཡོངས་ས་གནས་ཁག་ཏུ་བསྐྱལ་དགོས་ཟེར།

ཚོགས་འདུའི་ཡུལ་དངོས་ནས་མཚོ་སྔོན་སློབ་ཆེན་དང་མཐོ་སྒང་བདེ་ཐང་མཚོ་སྔོན་ཡན་ལག་ཚད་ཡོད་ཀུང་སིས་མཉམ་འབྲེལ་སྒོས་འགྲེམ་སྤེལ་བྱས་པའི་བོད་ལུགས་བསྲོ་བའི་མེ་བཙའི་ཕྲེང་བསྟར་ཐོན་རྫས་ཀྱི་མཉམ་ལས་གན་རྒྱ་བཞག་པ་དང་། ཕྱོགས་གཉིས་ཀྱིས་བོད་ལུགས་བསྲོ་བའི་མེ་བཙའ་ཡི་ལག་རྩལ་ལེགས་བསྒྱུར་དང་། ཐོན་རྫས་ཁྲོམ་ར་ཅན་དུ་ཁྱབ་གདལ་གཏོང་བ། ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་བཅས་ལ་གཞིགས་ནས་མཉམ་ལས་ཟབ་མོ་བྱས་པ་དང་། སྲོལ་རྒྱུན་བོད་ལུགས་བསྲོ་བའི་མེ་བཙའི་ལག་རྩལ་ཐོན་ལས་ཅན་དང་སྤུས་རྟགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་འགོ་གཙོ་མཁའ་འགྲོ་སྐྱབས་ཀྱིས་བཤད་རྒྱུར། ཚོགས་འདུའི་སྟེང་མེ་བཙའ་ཡི་སྒྲིག་ཆས་སོགས་ཐོན་རྫས་འགའ་གསར་སྤེལ་དང་འགྲེམ་སྟོན་བྱས་པ་འདི་ནི་བོད་ཀྱི་གསོ་བ་རིག་པའི་མེ་བཙའི་ལག་ལེན་གྱི་འཕེལ་རྒྱས་དང་རྒྱུན་འཛིན། གསར་གཏོད་ཅིག་རེད། འདི་ལྟ་བུའི་མེ་བཙའི་གསོ་ཐབས་ཀྱི་ཐོན་རྫས་གསར་པ་ཞིག་ཐོན་པ་དེས། མེ་བཙའི་ལག་ལེན་དང་བཅོས་ཐབས་ཀྱི་སྣ་ཇེ་འཛོམས་སུ་བཏང་ཡོད་པས། མ་འོངས་པར་ཡང་འདི་ལྟ་བུའི་ཐོན་རྫས་གསར་པ་གསར་གཏོད་དང་འགྲེམ་སྤེལ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བར་འདོད་ཟེར། ཐེངས་འདིའི་འོས་སྦྱོར་ཚོགས་འདུར་ནན་ཅིང་དང་ཧྲན་ཏུང་སོགས་ཀྱི་ཁེ་ལས་པ་ཡང་ཞུགས་ཡོད་ལ། འོས་སྦྱོར་ཚོགས་འདུ་བདེ་བླག་ངང་ཚོགས་པ་དེས། སྲིད་གཞུང་དང་སློབ་གྲྭ། ཁེ་ལས་བཅས་ལ་བརྗེ་རེས་མཉམ་ལས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད་པར་མ་ཟད། མཚོ་སྔོན་སློབ་ཆེན་གྱིས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་མཐོ་སྒང་གི་ཐོན་ལས་དང་སྤུས་གསར་ཐོན་སྐྱེན་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལག་ལེན་དངོས་ཀྱང་ཡིན།