ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་གི་སྐབས27པའི་ན་ཏམ་སྤྲོ་ཚོགས་ཆེན་མོ་དང་ཞིང་ཕྱུགས་ལུས་རྩལ་རིག་གནས་ཡུལ་སྐོར་ཚོང་དོན་ཁམས་གསོ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་མུ་འབྲེལ་བྱ་འགུལ་ལས“ཟས་ཀྱི་གཡང་ལ་ཆགས་པའི་སོག་ཤོག དྲི་ཞིམ་ཕྱོགས་བཅུར་འཐུལ་བའི་དགུན་ཤ”ཞེས་པའི་མཐོ་ཡུལ་མ་ཞང་གི་དགུན་ཤའི་དུས་སྟོན་སྐབས་གཉིས་པ་དང་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་འཚོང་ཚོགས་བསྡུས།
ཐེངས་འདིའི་དགུན་ཤའི་དུས་སྟོན་བསྟུད་མར་ཉིན་གསུམ་རིང་སྤེལ་བ་སྟེ། བྱ་འགུལ་གྱིས་རིག་རྩལ་འཁྲབ་སྟོན་དང་དམངས་སྲོལ་ཉམས་ལེན། ཐོན་རྫས་འགྲེམ་འཚོང་། ཟས་མཆོག་རོལ་མྱོང་། མེ་ཕུང་སྐོར་བྲོ་སོགས་ཀྱི་རྣམ་པར་བརྟེན་ནས། ཕྱུགས་ལས་ཐོན་སྐྱེད་དང་ཕྱུགས་ལས་ཐོན་རྫས་ཕྱི་འཚོང་། མི་རིགས་རིག་གནས་རྒྱུན་འཛིན་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བཅས་ཟུང་འབྲེལ་གང་ལེགས་བྱས་ཡོད། མཐོ་ཡུལ་མ་ཞང་གིས་དུས་སྟོན་ལ་བརྟེན་ནས་ཐོན་སྐྱེད་ལ་ཡར་སྐུལ་དང་འཛད་སྤྱོད་ལ་རོགས་འདེགས་བྱས་ཏེ། དགུན་ཤའི་དུས་སྟོན་བརྒྱུད་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་རྒྱ་བསྐྱེད་པར་མ་ཟད། ཁྱད་ལྡན་དུས་སྟོན་དང་འགྲེམ་ཚོགས་བསྟུད་མར་ལེགས་པར་སྤེལ་བ་དང་ཁྱད་ལྡན་ཕྱུགས་ལས་ཐོན་ལས་སྟོབས་ལྡན་དུ་བཏང་སྟེ། མང་ཚོགས་ཀྱི་ཡོང་འབབ་བརྟན་ཐོག་ཡར་འཕེལ་ཡོང་བར་སྐུལ་མ་བཏང་།