ཞི་ཅིན་ཕིང་གིས་སྔར་ལས་མཐོ་བའི་ཚད་གཞི་དང་བྱེད་ཐབས་ཏན་ཏིག་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་པོ་དང་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཀོད་པའི་འཆར་གཞི་དོན་དངོས་སུ་འགྱུར་བར་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ། ཏང་ཡོངས་ཀྱི་ལས་འགན་འཁུར་བའི་འདུ་ཤེས་དང་འབད་འཐབ་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་བ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲ་བརྟན་དུ་གཏོང་བ། ཏང་གི་དཔུང་ཁག་དྭངས་གཙང་རྒྱུན་འཁྱོངས་བྱས་ནས་ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་དགོས།

2026ལོའི་ཟླ1པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་།

གཅིག ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་སྔར་བས་བློ་ཐག་ཆོད་ཅིང་ནུས་ལྡན་གྱིས་ལག་བསྟར་བྱེད་དགོས།

ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་བྱེད་པའི་རྩ་བའི་བླང་བྱ་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་ཐོན་བྱུང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོའི་གུང་ཁྲན་ཏང་ནི་ཕུགས་བསམ་གྱི་ཆེད་དུ་སྐྱེས་པ་དང་ལས་འགན་གྱི་ཆེད་དུ་འཐབ་འཛིང་བྱེད་བཞིན་ཡོད།  ཏང་ཀྲུང་དབྱང་གི་མགོ་ཁྲིད་སྟོབས་ལྡན་འོག་གུང་ཁྲན་ཏང་མི་མི་རབས་ནས་མི་རབས་བར་དཀའ་ངལ་ལ་མ་སྐྲག་པར་མུ་མཐུད་དུ་འབད་འཐབ་བྱས་ཏེ། ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ནས་གོམ་པ་རེ་རེ་བཞིན་ཡར་ལངས་ཏེ། ཕྱུག་པོ་དང་སྟོབས་ལྡན་དུ་བསྒྱུར་བ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིཡང་དག་པའི་ལམ་བུ་བཏོད། ད་ལྟ་ང་ཚོ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། མདུན་སྐྱོད་ཀྱི་ལམ་བུའི་ཐོག་རླུང་བུ་དྲག་ཏུ་གཡོས་ཤིང་རྦ་རླབས་དྲག་པོདང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་ཞིག་གི་ཉམས་སད་ཆེན་པོ་འཕྲད་ངེས་རེད། སེམས་ལ་ཕུགས་བསམ་ཡོད་པ་དང་། སེམས་ལ་ཁྱིམ་ཚང་དང་རྒྱལ་ཁབ་ཡོད་པ། ཕྲག་ཐོག་ཏུ་འགན་འཁྲི་ཡོད་པ་བཅས་ཡིན་ན། མཐོན་པོར་ལངས་ནས་རྒྱང་རིང་མཐོང་ཐུབ་པ་དང་། ཡིད་ཆེས་དང་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐུབ། དཀའ་ངལ་ཐམས་ཅད་གནོན་ཐུབ་པ་དང་། དཀའ་ངལ་གྱིས་མནན་མི་ཆོག་པ། ཏང་ཡོངས་ཀྱི་བློ་རྩ་གཅིག་གྱུར་དང་རྒྱལ་ཡོངས་ཀྱི་མིག་མངས་གཅིག་གྱུར་ཆགས་པ།  ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་ཏན་ཏིག་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་“ལོའུ་ཧྲན་ཀོན་”དང་“ལ་ཙི་ཁོའུ་”རེ་རེ་བཞིན་དབང་དུ་བསྡུ་ཐུབ། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཇེ་ཆེར་གཏོང་བ་དང་། ཏང་གི་ཐོག་མའི་བསམ་འདུན་གཙོ་བོར་འཛིན་པ་དང་། ཏང་གི་ལས་འགན་ཚེ་སྲོག་ཏུ་འཛིན་པ། བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པའི་ཐོག་གཅིག་ཏུ་བསྡུ་དགོས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་ཏང་གི་ལས་འགན་དང་ལས་འགན་མངོན་འགྱུར་བྱ་བ་ནས་མགོ་བཙུགས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱས་ཏེ་རང་ཉིད་ཀྱི་བསམ་བློ་དང་བྱ་སྤྱོད་དེ་གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་འགལ་ཡོད་མེད་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དང་འགལ་ཡོད་མེད་དང་། ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས་བཅས་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དང་འགལ་ཡོད་མེད་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དང་ས་ཁུལ་དང་་སྡེ་ཁག་དེའི་དོན་དངོས་དང་འགལ་ཡོད་མེད་བཅས་ལ་བལྟ་དགོས། དོན་ཆེན་འདི་འགྲུབ་པར་བྱས་རྗེས་ངེས་པར་དུ་ངའི་མགོ་ཐོག་ཏུ་འགོད་དགོས་པའི་ངེས་པ་མེད་ལ། འོན་ཀྱང་བྱ་བ་སྒྲུབ་ན་ང་ངེས་པར་དུ་ཡོད་དགོས་པའི་བསམ་པའི་གོ་རྟོགས་ལ་བརྟེན་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས།

ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་ང་ཚོའི་ཏང་ལ་འཐུས་སྒོ་ཚང་བའི་ནང་རྐྱེན་ཡོད་ཅིང་། སྤྱིའི་ཆ་ནས་བཤད་ན་བདེ་བླག་དང་ནུས་ལྡན་ཡིན། དུས་མཚུངས་སུ་སྐོར་ཞིབ་དང་། རྩིས་བཤེར། ལྟ་སྐུལ་ཞིབ་བཤེར་སོགས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལ་བལྟས་ན། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་མི་བྱེད་པ་དང་། གང་འདོད་དུ་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཤིང་། ཕྱོགས་ཁ་ཤས་ནས་ད་དུང་ཅུང་མངོན་གསལ་དོད་པོ་ཡོད། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་གྱི་གཞི་རྩའི་བླང་བྱ་ཡིན་པ་ངེས་པར་དུ་ཁ་གསལ་བཟོ་དགོས། ང་ཚོས་“སྲུང་སྐྱོང་གཉིས”ནན་བཤད་བྱེད་པ་དང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱ་རྒྱུ་དེ་ངེས་པར་དུ་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཐོག་མཚོན་དགོས་པ་ལས། འབོད་ཚིག་སྟོང་པ་འབོད་མི་རུང་ལ། གཏམ་སྤྱོད་གཅིག་མཐུན་མེད་པ་བྱེད་མི་རུང་། སུ་ཞིག་གིས་རྒྱབ་འགལ་བྱས་ན་དེར་བདའ་འདེད་གཏོང་དགོས་ཤིང་། སྐྱོན་བརྗོད་བྱེད་དགོས་ན་སྐྱོན་བརྗོད་དང་། ལེགས་སྒྲིག་བྱེད་དགོས་ན་ལེགས་སྒྲིག ཆད་པ་གཅོད་དགོས་ན་ཆད་པ་གཅོད་རྒྱུ་བཅས་སྦས་གསང་བྱེད་མི་རུང་། དེའི་ཐད་ཀྱི་ཆབ་སྲིད་ལྟ་སྐུལ་ལ་ཤུགས་སྣོན་ཏན་ཏིག་བྱེད་དགོས། 

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་སུ་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་འགན་ཧ་ཅང་ལྕི་བ།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་སོགས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་། ཡུལ་བབ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་སྐྲུན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱུན་རྣམ་ཅན་དུ་བསྒྱུར་ནས་སླར་ཡང་དབུལ་ཕོངས་སུ་འགྱུར་བར་སྔོན་འགོག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ལས་འགན་བླང་བྱར་དམིགས་ནས། ཞིབ་ཕྲ་ཅན་དང་། གནད་འཁེལ་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་ཡག་པོ་དང་། དག་ཐེར་ཡོ་བསྲང་གི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་ཐོག་འཁྱོལ་བྱས། ད་ལོ་ནས་བཟུང་ས་གནས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྐབས་བརྗེ་རྒྱུ་ཡིན་པས། སྐབས་བརྗེ་ཉེར་ཡོད་པའི་སྐབས་སུ་སྒུག་ནས་བལྟས་ནས་བྱ་བ་མི་སྒྲུབ་པ་དང་། སྐབས་བརྗེ་རྗེས་མྱུར་ཕན་ལ་བརྩོན་ལེན་བྱེད་པར་སྔོན་འགོག་བྱས་ཏེ། འཆར་གཞི་གཅིག་མཐར་ཕྱིན་པར་འགོད་དགོས་པ་ཞིག་ཡིན་ལ། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པ་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བར་འགལ་བ་མེད། ལས་ཀ་གང་ཞིག་ཡིན་རུང་དངོས་ཐོག་བདེན་འཚོལ་དང་དོན་དངོས་གཞིར་བཟུང་དགོས་པ་ལས།   བཙན་ཤུགས་གཏན་ནས་བྱེད་མི་རུང་། ལྟ་སྐུལ་ནན་པོ་བྱེད་པ་དང་དུས་མཚུངས་སུ་ས་ཁུལ་ཁག་དང་སྡེ་ཚན་ཁག་བར་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐབས་ཤེས་དང་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱས་པ་དང་།  མཐའ་མའི་ཕན་འབྲས་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་ཀྱི་དམིགས་ཡུལ་དང་སྲིད་ཇུས་ཀྱི་ཐོག་མའི་བསམ་འདུན་དང་མཐུན་པར་འགན་སྲུང་བྱེད་དགོས། 

 ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་རྒྱུའི་འགག་རྩ་ནི་མི་ལ་ཐུག་ཡོད་པས། ངེས་པར་དུ་སེམས་ལ་ཕུགས་འདུན་གཉིས་འཆང་ཞིང་གཏམ་སྤྱོད་གཅིག་མཐུན་མིན་གྱི“ངོ་གཉིས་ཅན་”ལ་དོགས་ཟོན་བྱེད་དགོས། “ངོ་གཉིས་ཅན”གྱི་མཚོན་ཚུལ་འདྲ་མིན་སྣ་ཚོགས་ཡོད། གཙོ་བོ་ཁ་ཤས་ཀྱིས་ཆབ་སྲིད་ལ་ལྷག་བསམ་རྣམ་དག་དང་། “སྲུང་སྐྱོང་གཉིས”ཞེས་པ་ཁ་ནས་བཤད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་བྱེད་པར་རྣམ་འགྱུར་བསྟན་པ་ཧ་ཅང་མགྱོགས་ཤིང་། སྐད་ཆ་ཤིན་ཏུ་མཐོ་མོད། དོན་དངོས་ཐོག་མངོན་བསྟུན་ལྐོག་འགལ་གྱིས་རང་འདོད་དུ་བྱེད་པ་དང་། ཐ་ན་བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་ཡོད་ཀྱང་མཚམས་མི་འཇོག་པར། “ཡོད་པ་བདུན་”ཤུགས་ཆེན་སྤེལ་བ་རེད། ད་དུང་ལ་ལས་བསམ་བློའི་ཐོག་རང་མོས་རིང་ལུགས་སྤེལ་བ་དང་། མི་སྒེར་གོང་དུ་བཀུར་བར་དད་པ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་མཐུན་ན་བེད་སྤྱོད་དང་། མི་མཐུན་ན་འདོར་དགོས།  ལ་ལས་ཆབ་སྲིད་ཐོག་སྐབས་འཚོལ་རིང་ལུགས་སྤེལ་བ་དང་། ཁ་མཁས་སྤྲུལ་ལད། སྐབས་བསྟུན་འགྱུར་ལྡོག། ཁེ་ཕན་ཁོ་ནས་ལངས་ཕྱོགས་བརྟན་པོ་མིན་པ།  རྩ་འཛུགས་ལ་ལས་ཕྱོགས་རིས་རིང་ལུགས་སྤེལ་བ་དང་། རང་ཉིད་ཀྱིས་ཚོགས་ཆུང་བཙུགས་ནས་མི་ཁག་གཅིག་བསླུ་བྲིད་བྱས་ཏེ་རང་ཕྱོགས་མིན་པའི་མི་ཟུར་འབུད་བྱས་ནས་ཐུན་མོང་གི་མིང་ཐོག་ནས་ཚོགས་པ་ཆུང་ངུའི་སྒེར་དོན་སྒྲུབ་པ།  འགའ་ཞིག་གིས་བྱ་བའི་ཐོག་རང་གནས་རིང་ལུགས་སྤེལ་ནས་སྒེར་སེམས་ཧ་ཅང་ཆེན་པོ་ཡོད་ཅིང་། མིག་ནང་དུ་རང་ཉིད་ཀྱི་“རང་ཉིད་ཀྱི་སྒེར་དོན་”ཁོ་ན་ལས་མེད་པས། ཆ་ཤས་ཀྱི་ཆེད་དུ་ཁྱོན་ཡོངས་ལ་གནོད་འཚེ་གཏོང་བ་དང་། མིག་མདུན་གྱི་ཆེད་དུ་ཡུན་རིང་བློས་གཏོང་བ།  འགའ་ཞིག་གིས་འགན་འཁྲི་སྒྲུབ་པའི་ཐད་མི་རིང་ལུགས་ཡག་པོ་སྤེལ་བ་དང་། གནད་དོན་རྒྱུས་ལོན་བྱུང་ན་བཀག་འགོག་དང་ཡོ་བསྲང་མི་བྱེད་པ་དང་། གང་སར་ཁྱབ་ཏུ་འཇུག་པ། མཐུན་སྒྲིལ་སྲུང་སྐྱོང་ཞེས་མིང་མཛེས་པོར་བརྗོད་ཀྱང་། དོན་དངོས་ཐོག་འགན་འཁྲི་ལས་གཡོལ་ཅི་ཐབས་བྱེད་ཀྱི་ཡོད། དེ་དག་ཚང་མ་ཏང་གཤིས་ཀྱི་རྩ་དོན་དང་རྒྱབ་འགལ་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་འགོག་རྐྱེན་ཚབས་ཆེན་བཟོས་པས། ཏང་གི་བྱ་གཞག་དང་ཏང་གི་གཟུགས་བརྙན་ལ་གནོད་འཚེ་ཧ་ཅང་ཆེན་པོ་བཟོ་གི་ཡོད་པས། ཐེར་འདོན་ཕོད་པ་དང་བློ་ཐག་ཆོད་པོས་གཙང་བཤེར་བྱེད་དགོས། སྐབས་བརྗེ་བའི་བརྒྱུད་རིམ་ནང་ངེས་པར་དུ་མིག་གསལ་པོར་བརྡར་ནས་དངོས་འབྲེལ་བློ་དཀར་བློས་འགེལ་ཆོག་པ་དང་། ཕྱི་ནང་གཅིག་འདྲ། འགན་འཁྲི་ཁུར་ནས་འགན་འཁྲི་སྒྲུབ་པའི་ལས་བྱེད་པ་བཟང་པོ་བཀོལ་སྤྱོད་བྱེད་པ་ལས། “ངོ་གཉིས་ཅན་”དང་སྒེར་སེམས་གཙོ་བོར་འཛིན་པའི་མི་མགོ་སྐོར་གཏོང་དུ་གཏན་ནས་འཇུག་མི་རུང་།

གཉིས། སྔར་ལས་ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སྒོ་ནས་དབང་ཆའི་ལམ་ལུགས་ཀྱི་གཟེབ་ཏུ་བཅུག་པ། 

དབང་ཆ་ལམ་ལུགས་ཀྱི་གཟེབ་ནང་བཅུག་རྒྱུ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ང་ཚོས་གཏན་འབེབས་བྱས་པའི་ཏང་ནང་གི་ཁྲིམས་སྲོལ་གལ་ཆེན་དང་པོ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཡིན། དེའི་ཐོག་ནས་མགོ་བརྩམས་དོན་ནི། “སྤྱོད་ཚུལ་བཞི་”ཡི་གནད་དོན་མང་པོ་ཞིག་ཕྱི་ཚུལ་ནས་བཤད་ན་མང་ཚོགས་དང་ཁ་བྲལ་བ་དང་། ལོངས་སྤྱོད་རྒྱས་སྤྲོས་ཡིན་པ་དང་། ངོ་བོའི་ཐོག་ནས་བཤད་ན་ཤོག་སྒྲིག་སྒེར་གཉེར་དང་། ཕན་ཚུན་མཉམ་འགྲན་་བྱེད་པ། དབང་ཆ་ཉོ་ཚོང་དང་། དབང་དངུལ་ཉོ་ཚོང་། དབང་ཆ་དང་འདོད་ཆགས་བརྗེ་ཚོང་བཅས་མང་ཚོགས་ཀྱི་སེམས་ནང་གི་ཏང་གི་གཟུགས་བརྙན་ལ་གནོད་འཚེ་ཚབས་ཆེན་བཏང་བས་རེད།  ང་ཚོས་མང་ཚོགས་ཀྱི་བསམ་འཆར་ཆེས་དྲག་པའི་གནད་དོན་ནས་མགོ་བཙུགས་ཏེ་སྒྲིག་ལམ་བརྟན་པོ་བཟོ་བ་དང་། གཅུན་སྡོམ་ནན་པོ་བྱེད་པ། རི་སྔོན་ལ་བརྟན་པོ་བཟོས་ནས་ལྷོད་གཡེང་དུ་མི་གཏོང་བ། འཛེར་མ་འཛེར་བའི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་བཅས་བྱས་ཏེ། སྔོན་ཆད་འགོག་མི་ཐུབ་པར་འདོད་པའི་སྤྱོད་ངན་མི་ཉུང་བ་ཞིག་བཀག་འགོག་བྱས་པ་དང་། ལོ་མང་རིང་སེལ་དཀའ་བའི་ནད་ངན་འགའ་ཞིག་སེལ་བ། “ཡིག་ཆ་བརྒྱ་ཕྲག་ཁ་ཤས་ཀྱིས་ཁ་གཅིག་ཀྱང་དོ་དམ་བྱེད་མི་ཐུབ་པའི་”རྙོག་འཛིང་གི་གནས་ཚུལ་མཇུག་བསྒྲིལ། ཤིང་སྤོ་ཡིད་རྟོན་འཛུགས་པའི་བྱ་སྤྱོད་ལ་བརྟེན་ནས་ཏང་སྲོལ་སྲིད་སྲོལ་གསར་རྐྱང་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་དྲང་ཕྱོགས་ཀྱི་ནུས་ཤུགས་སྟོབས་ཆེན་གཅིག་ཏུ་བསྡུས་ཡོད། ན་ནིང་ཏང་ཡོངས་སུ་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་ཐོག་ནས་བསམ་བློ་སྔར་ལས་གཅིག་གྱུར་དང་། ངོས་འཛིན་ཟབ་སྤེལ། ཉམས་མྱོང་ཕྱོགས་བསྡོམས། བྱེད་ཐབས་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཐོག་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་མཐར་ཕྱིན་པར་དམ་འཛིན་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པར་མྱུར་ལམ་མེད་པས། གནད་འགག་ནི་རྒྱུན་ལྡན་དང་ཡུན་རིང་ཡིག་འབྲུ་གཉིས་ལ་ཐུག་ཡོད། རྒྱུན་དུ་དམ་འཛིན་མ་བྱས་ན་བསྐྱར་ཟློས་འབྱུང་སླ་བ་དང་། ཡུན་རིང་དམ་འཛིན་མ་བྱས་ན་རང་རྟོགས་ཆགས་དཀའ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། རྒྱུན་ལྡན་རང་བཞིན་གྱི་གནད་དོན་ཤེས་རྟོགས་དང་གནད་དོན་ཐག་གཅོད་བྱེད་པའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ། སྤྱོད་ཚུལ་ལེགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་བར་སྐུལ་འདེད་དགོས། 

  2025ལོའི་ཟླ12པའི་ཚེས25ཉིན་ནས་ཚེས26ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཚོགས་པ་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་བྱས་ནས་གསུང་བཤད་གལ་ཆེན་གནང་། 

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པའི་ལག་ལེན་ལས་ང་ཚོར་དབང་ཆ་ལམ་ལུགས་ཀྱི་གཟེབ་མའི་ནང་དུ་བཅུག་ན། ལམ་ལུགས་ཀྱི་གཏན་འབེབས་འཐུས་ཚང་དུ་གཏོང་བ་དང་། གཟེབ་མཁྲེགས་པོར་འཐག་དགོས་ལ། ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བ་དང་། མཁྲེགས་གཤིས་ཚོད་འཛིན་བྱེད་ཤུགས་ཇེ་ཆེར་གཏོང་བ།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། གཏན་འབེབས་དང་བཟོ་བཅོས་བརྒྱབ་པའི་གྲངས་འབོར་སྔར་བྱུང་མྱོང་མེད་པ་དང་། མིག་སྔར་ཅུང་འཐུས་སྒོ་ཚང་བའི་ཁྲིམས་སྲོལ་ལམ་ལུགས་མ་ལག་ཆགས་ཡོད། དེ་དང་ཆབས་ཅིག་ཁྲིམས་སྲོལ་ལམ་ལུགས་ཁག་ཅིག་གི་གཏན་འབེབས་རྩ་དོན་རགས་ཙམ་ཡིན་པ་དང་། དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེན་པོ་མེད་པ། ཁྲིམས་སྲོལ་ལམ་ལུགས་མི་འདྲ་བའི་བར་གྱི་འབྲེལ་མཐུད་དམ་པོ་མེད་པ་དང་། སྲུབས་ཀ་དང་སྐྱོན་ཆ་ཡོད་པ། ཁྱབ་ཁོངས་གསར་པ་དང་། ལས་རིགས་རྣམ་པ་གསར་པ། ཚོགས་སྤྱི་གསར་པ་སོགས་ལ་དམིགས་པའི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་བཅས་མཐོང་ཐུབ། ཁྲིམས་སྲོལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ཏང་དོ་དམ་དང་ཏང་ནན་སྐྱོང་གི་དགོས་མཁོ་དངོས་ལ་གཞིགས་ནས་ལམ་ལུགས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོང་ཆ་དང་སྟོང་ཆ་འཛུགས་རྒྱུ་དམ་འཛིན་བྱེད་པ། ཆ་ཚང་མིན་པ་དང་རྗེས་ལུས་ཡིན་པ་གང་མགྱོགས་བཟོ་བཅོས་དང་ཁ་གསབ་བྱས་ཏེ། ལམ་ལུགས་ཚགས་དམ་ལ་རྙོག་འཛིང་མེད་པ་དང་། ཕན་ནུས་ལྡན་པ་དང་གོ་ཆོད་པར་བྱས་ཏེ། “ཕྱུགས་རར་ཞི་ལ་འཇུག་པར”སྔོན་འགོག་བྱེད་དགོས།

ལོ་ཤས་རིང་ང་ཚོས་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་དམ་འཛིན་བྱེད་པའི་ཐད་བྱེད་ཐབས་རབ་དང་རིམ་པ་སྤྱད་ཡོད་མོད། འོན་ཀྱང་ཏང་རྩ་འཛུགས་ཀྱི་ལམ་ལུགས་ཁག་ཅིག་ནུས་མེད་ཀྱིས་འཁོར་བའི་གནད་དོན་སྔར་བཞིན་གནས་ཤིང་། ས་གནས་ཁག་ཅིག་གི་ལམ་ལུགས་ལག་བསྟར་བྱེད་ནུས་རིམ་བཞིན་ཇེ་ཆུང་དུ་ཕྱིན་ནས་མཐར་“ཤོག་ཤོག་གཟེབ་ཀྱི་ནང་སྟག་བཀག་པའི་”མཇུག་འབྲས་བྱུང་། སྒྲིག་ལམ་མངོན་གསལ་དོད་པོ་མེད་ན་མངོན་མེད་ཀྱི་སྒྲིག་ལམ་དར་ཁྱབ་ཆེ་ངེས་རེད། མི་མངོན་པའི་སྒྲིག་ལམ་ཁྱབ་གདལ་ཆེན་པོ་བྱུང་ན། སྒྲིག་ལམ་གསལ་བོ་ནི་སྒྲིག་ཆས་སུ་འགྱུར་སྲིད། སྤྱི་ཚོགས་ཐོག་ཆབ་སྲིད་ཀྱི་བར་ཁེ་བ་དང་ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་དེ་འདྲ་མང་པོ་འཁྲུག་ཆ་དོད་པའི་རྒྱུ་མཚན་ཅི་ཡིན་ནམ། མི་མངོན་པའི་སྒྲིག་སྲོལ་གྱིས་ཁྲིམས་སྲོལ་ལམ་ལུགས་ལ་ནུས་པ་ཐོན་མི་ཐུབ་པ་དང་། སྒེའུ་ཁུང་ཆག་པའི་ནུས་པ་ཐོན་པ་རེད། ལས་བྱེད་པ་ལ་ལས་མིའི་འབྲེལ་བར་བརྟེན་པ་ལས་རྩ་འཛུགས་ལ་མི་བརྟེན་པ་དང་། ལ་ལས་འབྲེལ་བར་ཡིད་ཆེས་བྱས་ནས་ཁྲིམས་ལུགས་དང་སྒྲིག་ཁྲིམས་ལ་ཡིད་ཆེས་མི་བྱེད།  ཡུན་རིང་འདི་ལྟར་སོང་ན། “དངུལ་ངན་གྱིས་དངུལ་བཟང་པོ་ཕྱིར་འབུད་བྱེད་པ”དང་། “ཐེམ་ག་ལས་ཤོག་བྱང་དགའ”ཞེས་པས་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་བསླད་སྐྱོན་གཏོང་བ་དང་། རུལ་སུངས་ཀྱི་ མངོན་མེད་སྒྲིག་སྲོལ་བཀག་འགོག་བྱེད་པའི་འགག་རྩ་ནི་སྒྲིག་སྲོལ་གསལ་པོ་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་བར་ཐུག་ཡོད། ཁྲིམས་སྲོལ་ལམ་ལུགས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་ཡོན་དང་ལས་བྱེད་པས་ཁྲིམས་ལུགས་དང་སྒྲིག་ལམ་ཤེས་པ་དང་། སྒྲིག་ལམ་གསལ་པོ་ཤེས་པ། གུས་བརྩི་ཤེས་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་ཁྲིམས་སྲོལ་ལམ་ལུགས་ནི་“གཟུངས་སྔགས་”ཡིན་ལ་“སྲུང་འཁོར”ཀྱང་ཡིན་པ་ངོས་འཛིན་བྱེད་དུ་འཇུག་དགོས།  ཏང་དོན་དང་སྲིད་དོན་སོགས་ཀྱི་གསལ་ཚད་སྔར་བས་མཐོ་རུ་གཏོང་དགོས་པ་དང་། དབང་ཆ་ཉི་འོད་འོག་ཏུ་དངོས་འབྲེལ་སྤྱོད་དུ་བཅུག་སྟེ། མི་མངོན་པའི་སྒྲིག་སྲོལ་ཚོང་ར་མེད་པར་འགྱུར་དུ་འཇུག་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་ལམ་ལུགས་བརྩི་སྲུང་བྱེད་པར་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱེད་པར་དམིགས་བསལ་མེད་པ་བཅས་མཐའ་འཁྱོངས་བྱས་ཏེ། “གློག་དམར་བརྒལ་བ”དང་“ར་སྐོར་བརྒལ་བ”ཞིབ་བཤེར་ཐག་གཅོད་ནན་པོ་དང་། དེའི་ཁྲོད་ཀྱི་མགོ་ཁྲིད་ཀྱི་འགན་འཁྲི་འཁུར་མཁན་རྩད་གཅོད་མཐའ་གཅིག་ཏུ་བྱས་ཏེ། ལམ་ལུགས་ཀྱི་གཏན་འབེབས་དེ་དངོས་སུ་གློག་ལྡན་མཐོ་གནོན་སྐུད་པ་ཞིག་ཏུ་འགྱུར་བར་ཁག་ཐེག་བྱེད་དགོས། 

ས་ཁུལ་གཅིག་དང་སྡེ་ཁག་གཅིག་གི་ལམ་ལུགས་ལག་བསྟར་ཡག་པོ་བྱེད་ཐུབ་མིན་གྱི་འགག་རྩ་ནི་“མགོ་འཛིན་དང་པོ་”ལ་ཐུག་ཡོད། དབང་ཆའི་ལམ་ལུགས་ཀྱི་གཟེབ་ནང་བཅུག་ན། “མགོ་འཛིན་དང་པོ་”ཡིས་སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱེད་པ་གནད་དོན་གཙོ་བོར་བཟུང་ནས་ཐག་གཅོད་ཡག་པོ་བྱ་དགོས། ཏང་ཀྲུང་དབྱང་གིས“མགོ་ཁྲིད་དང་པོ་”དང་མགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ནང་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་མཐར་ཕྱིན་དང་“གལ་ཆེན་གསུམ་དང་ཆེ་གྲས་གཅིག”གི་ཐབས་ཇུས་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་སོགས་ཐད་བླང་བྱ་གསལ་པོ་བཏོན་ཡོད་པ་དང་། རིམ་པ་ཁག་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ལྷག་པར་དུ“མགོ་ཁྲིད་དང་པོ་”ཡིས་རང་དཔེ་གཞན་སྟོན་དང་སྣེ་ཁྲིད་དེ་ལག་བསྟར་གནད་ལ་འཁེལ་དགོས་པ་དང་། འབྲེལ་ཡོད་ལྟ་སྐུལ་ཡང་གནད་ལ་འཁེལ་བར་བྱེད་དགོས།

  གསུམ། སྔར་ལས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་དགོས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རེའི་ཏང་གིས་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་འོག རྩ་ལག་མཉམ་བཅོས་དང་། རུལ་སུངས་སུ་འགྱུར་མི་ཕོད་པ་དང་། རུལ་སུངས་སུ་འགྱུར་མི་རུང་བ།  རུལ་སུངས་སུ་འགྱུར་མི་འདོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་འདིར་བློ་བརྟན་འགྱུར་མེད་ཀྱིས་མུ་མཐུད་དུ་བསྐྱོད་དགོས།

མིག་སྔར། རུལ་སུངས་ཀྱི་གནད་དོན་སྔར་བཞིན་འབྱུང་སླ་ཞིང་ཇེ་མང་དུ་འབྱུང་བཞིན་ཡོད། དོན་དངོས་ཀྱིས་ཡང་བསྐྱར་གསལ་བཤད་བྱས་ཡོད། ཏང་ཀྲུང་དབྱང་གིས“རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་དང་། རུལ་སུངས་འབྱུང་ཁུངས་དང་ཆ་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ཞིང་ལྕི་བའི”སྐོར་གྱི་བརྡར་ཤ་བཅད་པ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནི་ནམ་ཡང་ལམ་བུའི་ཐོག་དང་ནམ་ཡང་སྤེལ་བཞིན་པའི་སྐབས་ཡིན་པས། ངེས་པར་དུ་ཡུས་ཀུང་གིས་རི་སྤོ་དང་། ཞིབ་དཔྱོད་ཀྱིས་མཚོ་སྲུབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་མཐའ་འཁྱོལ་དུ་དམ་འཛིན་བྱེད་དགོས། རུལ་སུངས་ནི་ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་ཉེན་ཁ་ཆེ་ཤོས་དང་། འཇིགས་སྐུལ་ཆེ་ཤོས། འགྲན་སློང་ཆེ་ཤོས་བཅས་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་དུ་སྤེལ་བའི་བརྒྱུད་རིམ་ཁྲོད་ཀྱི་བཀག་རྒྱ་དང་བཀག་རྡོ་ཞིག་ཡིན་པས། གལ་ཏེ་དེ་སྐྱེ་འཕེལ་དང་གང་སར་ཁྱབ་ཏུ་བཅུག་ན་དཔལ་འབྱོར་གོང་དུ་སྤེལ་བའི་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་སློང་བ། ཏང་གི་སྲིད་སྐྱོང་རྨང་གཞིར་གཡོ་འགུལ་ཐེབས་ངེས་ཡིན་པ་ང་ཚོར་སླར་ཡང་ཉེན་བརྡ་བཏང་ཡོད། ལག་ལེན་གྱིས་ང་ཚོར་སླར་ཡང་བློ་སྒོ་ཕྱེ་བ་ནི། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་མི་ཐུབ་ལ་ཕམ་ཡང་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་ཡིན་པས། སྐད་ཅིག་ཙམ་ཡང་མཚམས་འཇོག་མི་རུང་བ་དང་། གོམ་པ་ཕྱེད་ཀ་ཡང་ཕྱིར་བཤོལ་བྱེད་མི་རུང་། “གྲུ་གཟིངས་ནུབ་ཀྱང་འགྲམ་དུ་སྟོང་ཕྲག་བསྐྱོད། སྡོང་སྐམ་མདུན་དུ་ཤིང་སྣ་དབྱར་མཚོ་རྒྱས། ” “སྡོང་སྐམ”འབལ་དགོས་ན་འབལ་དགོས་ལ་གཅོད་དགོས་ན་གཅོད་དགོས། ངེས་པར་དུ“ད་དུང་སྟོབས་ཤུགས་ཡོད་པའི་སྐབས་དང་བསྟུན་ནས་ནུས་ཤུགས་ཐེངས་གཅིག་གིས་དགྲ་བོ་རྩ་མེད་དུ་གཏོང་དགོས་པ་ལས། ལམ་བར་ནས་མཚམས་འཇོག་མི་རུང་།”འཐབ་ཇུས་ཀྱི་བརྟན་ཤུགས་དང་འཐབ་འཛིང་གི་མཉེན་ཤུགས་རྒྱུན་འཁྱོངས་བྱས་ཏེ། མུ་མཐུད་ནས་རྩ་བ་ནས་གཙང་བཤེར་བྱེད་དགོས། འགོག་ཤུགས་ཇི་ཙམ་འཕྲད་པ་དང་རིན་དོད་ཇི་ཙམ་གཏོང་རུང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མཐའ་འཁྱོལ་བར་བྱེད་དགོས། སུ་ཞིག་ཡིན་རུང་། གོ་གནས་ཇི་ཙམ་མཐོ་བ། བྱས་རྗེས་ཇི་ཙམ་ཆེ་བ་བཅས་གང་ཡིན་རུང་རུལ་སུངས་སུ་གྱུར་ན་རྒྱ་ཡན་དུ་གཏན་ནས་གཏོང་མི་སྲིད།

ངེས་པར་དུ་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་བྱས་ནས་གཡོ་འགུལ་མི་བྱེད་པ། རུལ་སུངས་ཡོད་ན་ངེས་པར་དུ་ངོ་རྒོལ་བྱེད་པ་དང་། ལྐོག་ཟ་ཡོད་ན་ངེས་པར་དུ་གཙང་སེལ་བྱེད་པ། ངན་པ་གཙང་སེལ་མཐའ་གཅིག་ཏུ་བྱེད་པ་བཅས་མཐའ་འཁྱོངས་བྱས་ནས་རུལ་སུངས་པར་གབ་ས་མེད་པར་བཟོ་དགོས། དབང་ཆ་གཅིག་སྡུད་དང་། མ་དངུལ་མང་འདུས་པ། ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁྱབ་ཁོངས་ལ་དམིགས་ནས་སྲིད་ཚོང་ངན་འབྲེལ་དང་། དབང་ཆས་མ་རྩར་སྲུང་སྐྱོང་བྱེད་པ། མ་རྩ་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པ་སོགས་ཀྱི་གནད་དོན་ལ་དོ་སྣང་ཆེན་པོ་བྱེད་པ་དང་། “མགོ་ཁྲིད་དང་པོ་”དང་ན་གཞོན་ལས་བྱེད་པ་སོགས་ཀྱི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོད་འཛིན་མི་བྱེད་པ་དང་རང་སྣང་གང་ཤར་གྱིས་བྱ་སྤྱོད་སྤེལ་བའི་ལྐོག་ཟ་རུལ་སུངས་པ་གཙང་སེལ་ཤུགས་ཆེན་བྱེད་པ། ཤེས་བཞིན་ཤེས་བཞིན་དུ་བྱ་སྤྱོད་སྤེལ་བ་དང་། ཉེས་གསོག་ཐེངས་གཅིག་ལ་བསྐྱར་དུ་བྱ་སྤྱོད་སྤེལ་བའི་ལྐོག་རྔན་སྤྲོད་མཁན་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ། སྔོན་དཔག་གི་ཁེ་ཕན་དང་། ཁ་ཆད་བཞག་ནས་ཚབ་འཛིན་བྱེད་པ། སྲིད་ཚོང་གི་“འཁོརསྒོ་”སོགས་རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་པ་དང་། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས། རུལ་སུངས་ཀྱི་གྱོད་གཞི་ཚབས་ཆེན་བྱུང་བའི་ས་གནས་དང་སྡེ་ཁག་གིས་ནན་ཏན་གྱིས་དུག་རྒྱུན་གཙང་སེལ་བྱས་ཏེ་སྦགས་བཙོག་འབྱུང་ཁུངས་གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས།

ངེས་པར་དུ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བརྟོལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རུལ་སུངས་ཀྱི་འཕེལ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པ་དང་། བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱས་ཏེ། སྔར་བས་དུས་ཐོག་ཏུ་རྒྱུས་ལོན་དང་། དབྱེ་འབྱེད་ཡང་དག་བྱེད་པ། བཅོས་སྐྱོང་ནུས་ལྡན་བཅས་བྱེད་དགོས། སྤྱོད་ངན་དང་རུལ་སུངས་མཉམ་བཤེར་མཉམ་བཅོས་གཏིང་ཟབ་ཏུ་བཏང་ནས་“སྤྱོད་ངན་”གྱི་སྣང་ཚུལ་ལ་བརྟེན་ནས་“རུལ་སུངས་”ཀྱི་ངོ་བོ་གསལ་སྟོན་བྱེད་པ་དང་། བྱ་བ་མི་སྒྲུབ་པ་དང་གང་འདོད་དུ་བྱ་བ་སྒྲུབ་པའི་རྒྱབ་ཀྱི་ཚོང་ལ་བརྟེན་ནས་དཔོན་པོ་གསོ་བ་དང་། དཔོན་ལ་བརྟེན་ནས་ཚོང་སྲུང་བ། དཔོན་ཚོང་གཞི་གཅིག་ཏུ་འགྱུར་བ་བཅས་སྔོག་འདོན་གཏིང་ཟབ་བྱས་ཏེ་སྒྲིག་འགལ་ཟ་འཐུང་གི་རྒྱབ་ཀྱི་མངགས་བཅོལ་བྱ་བ་སྒྲུབ་པ་དང་ཁེ་ཕན་སྐྱེལ་འདྲེན་བྱེད་པར་ཚན་རྩལ་གྱི་ནུས་པ་སྤྲོད་ཤུགས་ཆེ་རུ་གཏོང་བ་དང་གཞི་གྲངས་ཆེན་པོ་སོགས་ཀྱི་བྱ་ཐབས་སྤྱད་དེ་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་རྒྱུར་དོ་སྣང་བྱེད་དགོས། ལག་རྩལ་དང་བྱ་ཐབས་གསར་པ་སྤྱོད་སྐབས་མི་ཆོས་ཚད་ལྡན་དང་གཞི་གྲངས་བདེ་འཇགས་ཡོང་བར་ཤུགས་སྣོན་བརྒྱབ་སྟེ་སྒྲིག་སྲོལ་དང་སྒྲིག་ལམ། ཁྲིམས་ལྟར་ནན་པོ་བྱེད་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་གཙོ་གཟུགས་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ཧྲུའུ་ཅིས་འགན་འཁུར་མི་སྣ་དང་པོའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། ལངས་ཕྱོགས་བརྟན་པོ་དང་རྣམ་འགྱུར་མངོན་གསལ་ལྡན་པ། འབྲེལ་ཡོད་ཕྱོགས་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་རྒྱུར་སྐུལ་ཁྲིད་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་ཨུ་ལྷན་གྱི་བྱ་བ་ཁོ་ན་ཡིན་པར་མི་སྙམ་པར་འགན་འཁྲི་ཤེས་པ་དང་། འགན་འཁྲི་འཁུར་བ། འགན་འཁྲི་སྒྲུབ་པ་བཅས་དངོས་འབྲེལ་བྱེད་དགོས།

2026ལོའི་ཟླ་7པའི་ཚེས15ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་བྱས།  དེ་ནི་ཞི་ཅིན་ཕིང་གིས་ཧོང་ཕུའུ་ཆུས་པན་སུང་ཡོན་ལམ་ཁྲོམ་གཞུང་གི་གྲོང་མིའི་གྲོང་གསར་གྲོང་མིའི་ཁུལ་དུ་རྟོག་ཞིབ་བྱེད་སྐབས་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཞབས་ཞུའི་ས་ཚིགས་སུ་གྲོང་མིའི་འཐུས་མི་དང་། ཁྲོམ་གཞུང་གི་ལས་བྱེད་པ། སྡེ་ཁུལ་གྱི་ལས་དོན་པ་སོགས་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་པ་ཞིག་རེད།

ངེས་པར་དུ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཐད་ལ་འབད་བརྩོན་སྔར་ལས་ཆེ་བ་བྱ་དགོས། རུལ་སུངས་སུ་འགྱུར་མི་ཕོད་པ་དང་། རུལ་སུངས་སུ་འགྱུར་མི་ཐུབ་པ། རུལ་སུངས་སུ་འགྱུར་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་བར་གཙོ་བོ་“གཞི་གཅིག་”ལ་ཐུག་ཡོད་ལ། “གཞི་གཅིག་”ལ་ཐུག་དཀའ་བས། མ་ལག་གི་འདུ་ཤེས་ལ་ཤུགས་སྣོན་བརྒྱབ་སྟེ་དུས་གཅིག་ཏུ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཅིག་ཏུ་ཤུགས་སྣོན་བྱེད་པ། ཕྱོགས་བསྡུས་ཀྱིས་ཤུགས་སྣོན་བྱེད་པ། ལག་ལེན་ཁྲོད་གཙོ་བོར་བཟུང་ཆོག་མོད། འོན་ཀྱང་ཁ་བྲལ་དང་ཕྱོགས་ལྷུང་བྱེད་མི་རུང་བར་དུས་རིམ་སྨྲ་བ་དང་ལྷུ་ཚིགས་སྨྲ་བ་ཡིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕན་འབྲས་དངོས་ལ་ཤུགས་རྐྱེན་ཐེབས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ལས་འགན་བཀོད་སྒྲིག་དང་། ཐོན་ཁུངས་བཀོད་སྒྲིག ལས་དོན་སྐུལ་འདེད། ཕན་འབྲས་དཔྱད་ཞིབ་བཅས་ཀྱི་ཐད་མཉམ་འགུལ་གཞོགས་འདེགས་བྱས་ཏེ་ཏང་རྩ་འཛུགས་ཀྱི་རྒྱུན་གཏན་ལྟ་སྐུལ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལྟ་སྐུལ་དང་སྐོར་ཞིབ་དང་། རྩིས་བཤེར། ཡིག་སྐུར་ངོ་གཏུར། གླེང་ཕྱོགས་སོགས་ཕྱོགས་ཁག་གི་ལྟ་སྐུལ་གཅིག་མཐུད་བྱེད་པ་དང་། ཕྱོགས་ཡོངས་ནས་ལྟ་སྐུལ་བྱེད་པའི“གྲིབ་མེད་སྒྲོན་མེ”དང་གྱོད་གཞི་ཐག་གཅོད་ཤུགས་ཆེན་བྱེད་པའི“གཤགས་གྲི་”གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་འབྲེལ་ཐག་ཡོངས་ཀྱི་མཉམ་ལས་ལ་བརྟེན་ནས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། གྱོད་དོན་ལ་བརྟེན་ནས་ལེགས་བཅོས་དང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། རུལ་སུངས་ཀྱི་འབྱུང་རྐྱེན་དབྱེ་ཞིབ། དོ་དམ་གྱི་སྐྱོན་ཆ་འཚོལ་ཞིབ། དཔེ་མཚོན་གྱོད་དོན་ལ་བརྟེན་ནས་ཉེན་བརྡའི་སློབ་གསོ་སྤེལ་བ། གནད་དོན་རྙིང་པ་ཡང་དང་བསྐྱར་དུ་ཐོན་དུ་འཇུག་པ་དང་རིན་དོད་དོན་མེད་དུ་གཏོང་དུ་འཇུག་མི་རུང་། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལྟར་མི་འདེམས་སྒྲུག་དང་མི་བཀོལ་སྤྱོད་བྱས་ཏེ་དགེ་མཚན་ལྡན་ལ་སྐྱོན་བྲལ་གྱི་ཏང་ནང་གི་བློ་མཐུན་གྱི་འབྲེལ་བ་དང་སྲིད་ཚོང་གི་འབྲེལ་བ་བཙུགས་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་མཐུད་ངང་གཙང་སེལ་བྱེད་དགོས། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱོད་གཙང་སློབ་གསོའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་དང་། སྤྱོད་གཙང་བརྩི་མཐོང་རུལ་སུངས་འགོག་པ། བསྲི་ཚགས་དང་རྒྱས་སྤྲོས་སྤོང་བའི་སྤྱི་ཚོགས་ཁོར་ཡུག་ཤུགས་ཆེན་བསྐྲུན་དགོས།

སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཁྲོད་དུ་འགན་འཁྲི་ལྗིད་པོ་དང་ལས་འགན་གཟི་བརྗིད་ལྡན་པས། ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱིས་ཅི་ཞིག་བྱེད་པ་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བརྟན་པོ་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་སྲུང་སྐྱོབ་བློ་བརྟན་འགྱུར་མེད་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་དང་ གྲི་ཁ་ནང་ཕྱོགས་སུ་གཏོད་རྒྱུ་མཐའ་འཁྱོངས་བྱས་ནས་ཁྱུ་ལ་གནོད་འཚེ་གཏོང་བའི་རྟ་གཙང་སེལ་མཐའ་གཅིག་ཏུ་བྱེད་དགོས། ཆབ་སྲིད་ཀྱི་འཇོན་ཐང་དང་། ནུས་པ། སྤྱོད་ཚུལ་གྱི་འཇོན་ཐང་། སྤྱོད་གཙང་གི་འཇོན་ཐང་བཅས་ཀྱི་བླང་བྱ་ལྟར། དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ལྷག་བསམ་རྣམ་དག་དང་། གཙང་མ། འགན་འཁྲི་འཁུར་བ། འཐབ་རྩོད་བྱེད་ཕོད་པ་དང་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ལྕགས་དམག་རྡུང་བཟོ་བྱེད་དགོས།

འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2026ལོའི་ཟླ1པའི་ཚེས12ཉིན་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་ཀྱི་ཁག་གཙོ་བོ་ཡིན།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།