ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། གསར་འགོད་པས་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་ཞིང་ལས་དང་གྲོང་གསེབ་པུའུ་ཡིས《རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད》(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)པར་འགྲེམ་བྱས་ནས། ཕྱོགས་སོ་སོའི་ཐོན་ཁུངས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། ཞིང་ལས་དེ་ཐོན་ཚད་ཀྱིས་གཙོ་ཁྲིད་བྱེད་པ་ནས་ཐོན་ཚད་དང་སྤུས་ཚད་མཉམ་འཛིན་དུ་བྱེད་པར་སྐུལ་འདེད་གཏོང་དགོས་པར་བསྟན་ཡོད།
ཞིང་ལས་གྲོང་གསེབ་པུའུ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོ་དང2025ལོར་རང་རྒྱལ་གྱི་འབྲུ་རིགས་ཐོན་ཚད་ལོ་གཉིས་རིང་བསྟུད་མར་རྒྱ་མ་དུང་ཕྱུར་ཁྲི1.4ཡན་དུ་བརྟན་པོ་བྱུང་བ་དང་། ཤིང་འབྲས་ཚལ་ཇ་དང་། ཤ་སྒོང་འོ་མ། ཆུ་ཐོན་ཐོན་རྫས་སོགས“ཚལ་སླེའི”ཐོན་རྫས་མཁོ་སྤྲོད་འདང་ངེས་བྱུང་བ་དང་། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་རྒྱུན་ལྡན་ལྟ་ཞིབ་ཚད་ལེན་གྱི་ཚད་གཞིར་ལོན་ཚད་ལོ་གཉིས་རིང་བསྟུད་མར98%ཟིན་ལ། ལྗང་མདོག་དང་། སྐྱེ་ལྡན། ཁྱད་ལྡན་དང་སྤུས་ལེགས། ཕུལ་བྱུང་། གསར་པ། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་རྒྱུན་མཐུད་ངང་མང་དུ་ཕྱིན་པ་དང་། དེ་དང་ཆབས་ཅིག་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དེ་བཞིན་གྲོང་མིའི་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཆབས་ཅིག མི་དམངས་མང་ཚོགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་དགོས་མཁོ་དེ“ཡོད་མེད”ནས“བཟང་མིན”གྱི་ཕྱོགས་སུ་བསྒྱུར་ནས་གྲངས་འབོར་འདང་ངེས་དང་རིགས་སྣ་ཕུན་སུམ་ཚོགས་པར་འགན་ལེན་བྱེད་པའི་རྨང་གཞིའི་ཐོག ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དང་འཚོ་བཅུད་བདེ་ཐང་། བྲོ་བ་སྤུས་ཚད་བཅས་ལ་བླང་བྱ་དེ་བས་མཐོ་བ་བཏོན་ཡོད།
《འཆར་འགོད》ནང་། 2030ལོར་བསླེབས་པའི་འཕེལ་རྒྱས་དམིགས་ཚད་ཁ་གསལ་བཟོས་པ་སྟེ། ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚད་གཞིའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཚད་ལྡན་ཅན་དང་ལྗང་མདོག་ཅན་གྱི་ཐོན་སྐྱེད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་བྱེད་པའི་སྤུས་ཚད་གདེང་འཇོག་དང་སྤུས་ཚད་རིམ་དབྱེའི་ལམ་ལུགས་གཞི་རྩའི་ཆ་ནས་འཛུགས་པ། སྦྲེལ་ཐག་ཧྲིལ་པོའི་སྤུས་ཚད་དོ་དམ་མ་ལག་དང་ལྟ་སྐུལ་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ། ལྗང་མདོག་སྤུས་ལེགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་ཡིན། རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ཀྱི་རྒྱུན་ལྡན་ལྟ་ཞིབ་ཚད་ལེན་གྱི་ཚད་གཞིར་ལོན་ཚད98%ཡན་བརྟན་པོ་ཡོང་བ་དང་། ལྗང་མདོག་དང་སྐྱེ་ལྡན། ཁྱད་ལྡན་དང་སྤུས་ལེགས། ཕུལ་བྱུང་། གསར་པ། ས་ཁམས་མཚོན་རྟགས་བཅས་ཀྱི་ཞིང་ལས་ཐོན་རྫས་བསྡོམས་འབོར་ཁྲི13ཟིན་ཡོད།
《འཆར་འགོད》ཀྱིས“མི་དམངས་མང་ཚོགས་ཀྱི་བཟའ་བཅའི་བདེ་འཇགས་དང་། འཚོ་བཅུད་བདེ་ཐང་བཅས་ཀྱི་དགོས་མཁོ་སྐོང་བའི”དམིགས་ཚད་དེར་དམིགས་ནས“རྨང་གཞི་གཅིག(ཚད་གཞིའི་མ་ལག)དང་། འདེགས་སྐྱོར་གཉིས(ཚན་རྩལ་ནུས་སྤྲོད་དང་། རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་བྱེད་པ)། ཐབས་ལམ་གསུམ(ལྗང་མདོག་ཚུལ་སྒྱུར་དང་། སྤུས་ལེགས་མཁོ་སྤྲོད། སྦྲེལ་ཐག་ཡོངས་ཀྱི་ལྟ་སྐུལ་དོ་དམ)”བཅས་ཀྱི་སྤྱིའི་སྒྲོམ་གཞི་བཟོས་ནས། གཙོ་གནད་ལས་འགན་ཁག6བཀོད་སྒྲིག་བྱས་ཡོད།
གཅིག་ནི་སྤུས་ཚད་མཐོ་བའི་ཚད་གཞིའི་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།
གཉིས་ནི་ལྗང་མདོག་ཐོན་སྐྱེད་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་དགོས།
གསུམ་ནི་སྤུས་ལེགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས།
བཞི་ནི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ནན་མོ་བྱ་དགོས།
ལྔ་ནི་ཚན་རྩལ་གྱི་ནུས་པ་སྤྲོད་ཤུགས་ཆེ་རུ་གཏོང་དགོས།
དྲུག་ནི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་དགོས།
འབྲེལ་ཡོད་དམིགས་ཚད་དང་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཆེད། 《འཆར་འགོད》ནང་ད་དུང་ཞིང་ལས་ཚད་ལྡན་ཅན་མཐོར་འདེགས་འཆར་གཞི་དང་། ལྗང་མདོག་སྤུས་ལེགས་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བའི་བྱ་སྤྱོད། སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁ་ལྟ་ཞིབ་ཚད་ལེན་ཚོད་སྐོར་སྔོན་ཚུད་ཉེན་བརྡའི་རྨང་གཞི་སྲ་བརྟན་བྱ་སྤྱོད་སོགས་ཆེད་སྒྲིག་ལེ་ཚན་བཀོད་སྒྲིག་བྱས་ནས། ལས་འགན་དང་བྱ་ཐབས་ཞིབ་ཕྲ་བཟོས་པ་དང་། ལས་འགན་དང་དམིགས་ཚད་ཚད་འབེབས་བྱས་ནས། 《འཆར་འགོད》ཀྱི་ལག་བསྟར་དང་ཕན་འབྲས་ལ་ཁག་ཐེག་བྱས་ཡོད། དེ་དང་མཉམ་དུ《འཆར་འགོད》ནང་ཞིབ་ཕྲའི་འགན་ལེན་བྱ་ཐབས་བཏོན་པའི་ནང་སྒྲིག་འཛུགས་ལག་བསྟར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་གཟབ་ནན་ཏུ་གཏོང་བ། མ་འཇོག་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ། ཐབས་ལམ་ཁག་གི་མ་དངུལ་སྤྱི་འདོམས་ཡག་པོ་བྱེད་པ། དངུལ་རྩའི་རྒྱབ་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྤུས་ཚད་བདེ་འཇགས་ལྟ་སྐུལ་ཚད་ལེན་དོ་དམ་གྱི་འབྲེལ་ཡོད་ལས་དོན་ལ་རྒྱབ་སྐྱོར་བྱས་ཡོད། །