ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ནས་ཤེས་གསལ་ལྟར་ན། ཞིབ་འཇུག་སུའོ་དེའི་ཞིབ་འཇུག་ཚོགས་པས་མཚོ་བོད་ས་མཐོ་དང་དེ་བཞིན་མཐའ་འཁོར་ས་ཁོངས་ཀྱི་དམིགས་བསལ་དུ་ཡོད་པའི་སྐམ་སར་སྐྱེས་པའི་སྲོག་ཆགས་ཀྱི་རིམ་འགྱུར་ལོ་རྒྱུས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། མཚོ་བོད་ས་མཐོ་ནི་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་རིམ་འགྱུར་གྱི“འབྱུང་ཁུལ”ཞིག་ཡིན་ལ། ཕྱི་ནས་ཡོང་བའི་སྲོག་ཆགས་ཁྱབ་པའི“འདུས་ཁུལ”ཞིག་ཀྱང་རེད། འབྲེལ་ཡོད་གྲུབ་འབྲས་དེ་ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས26ཉིན་རྒྱལ་སྤྱིའི་རིག་གཞུང་དུས་དེབ《ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་དུས་དེབ》ཐོག་བཀོད་པ་རེད།
ཞིབ་འཇུག་ཚོགས་པས་མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་སྐམ་སར་སྐྱེས་པའི་སྲོག་ཆགས་རིགས527དམིགས་ཡུལ་དུ་བྱས་ཤིང་། དེར་སྒལ་ཚིགས་མེད་པའི་སྲོག་ཆགས་དང་། སྐམ་ཆུ་ཉིས་འཚོའི་རིགས། གོག་འགྲོའི་རིགས། འདབ་ཆགས་རིགས། འོ་འཐུང་རིགས་སོགས་ཀྱི་རིགས་ཚོགས་ཚུད་ཡོད་པ་དང་། སྲོག་ཆགས་རིགས་ཁྲི2ལྷག་གི་མ་ལག་སྐྱེ་འཚར་ཆ་འཕྲིན་དང་ཟུང་འབྲེལ་བྱས་ཏེ། ས་མཐོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་གྲུབ་ཚུལ་དང་ཁྱབ་པའི་ལོ་རྒྱུས་བརྒྱུད་རིམ་བསྐྱར་སྐྲུན་བྱས་པ་རེད། ཞིབ་འཇུག་བསྡོམས་རྩིས་ལས་མངོན་པར་གཞིགས་ན། མཚོ་བོད་ས་མཐོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་གྲུབ་པའི་བརྒྱུད་རིམ་ནང་ཁྱོན་སྔར་གནས་སུ་ཁ་ཐོར་ཐེངས367དང་། ཚུར་ཡོང་ཐེངས103། ཕྱིར་སྤོ་ཐེངས56བཅས་བྱུང་བ་རེད།
ཞིབ་འཇུག་ལས་ཤེས་གསལ་ལྟར་ན། མཚོ་བོད་ས་མཐོའི་ས་ཁོངས་གཙོ་བོ་གསུམ་ཁྲོད། འཕྲེད་གཅོད་རི་ཁུལ་གྱིས་སྔར་གནས་ཀྱི་སྐྱེ་དངོས་རིགས་གྲུབ་པའི་དོན་རྐྱེན་ཐེངས201ལ་ལེགས་སྐྱེས་ཕུལ་བ་དེ་ཧི་མ་ལ་ཡའི་ས་ཁུལ་དང་ས་མཐོའི་ནང་ཁུལ་ས་ཁོངས་ལས་མངོན་གསལ་གྱིས་མཐོ་བ་ཡོད། ས་མཐོའི་ནང་ཁུལ་གྱི་སྟེགས་ངོས་ས་ཁོངས་མང་ཆེ་བ་སྐྱེ་དངོས་རིགས་གནས་སྤོ་དང་གསོག་འཇོག་བྱེད་པའི“འདུས་ཁུལ”དུ་མངོན་གྱིན་ཡོད།
དཔྱད་རྩོམ་འཕྲིན་གཏོང་རྩོམ་པ་པོའམ་ཀྲུང་གོ་ཚན་རིག་ཁང་ཁྲེང་ཏུའུ་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཅ་ཐང་གིས“ས་ཁོངས་མི་འདྲ་བས་སྣ་མང་རང་བཞིན་ཆགས་པའི་ཁྲོད་ནུས་པ་མི་འདྲ་བ་འདོན་སྤེལ་བྱེད་ཀྱིན་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། འཕྲེད་གཅོད་རི་ཁུལ་གྱི་རྙོག་འཛིང་ཆེ་བའི་ས་དབྱིབས་དང་སྣ་མང་གནམ་གཤིས་ཁོར་ཡུག་གིས་སྐྱེ་དངོས་རིགས་ལོགས་གཅོད་དང་། འཕྲོད་མཐུན། རིགས་དགར་བཅས་ལ་ཆ་རྐྱེན་གལ་ཆེན་བསྐྲུན་ཡོད།
ཞིབ་འཇུག་ལས་ད་དུང་ས་མཐོའི་སྲོག་ཆགས་སྣ་མང་རང་བཞིན་གྲུབ་པ་དེ་ས་ངོས་ཡར་འཕགས་ཁོ་ན་ལས་སྐུལ་འདེད་གཏང་བ་ཞིག་མིན་པ་ཤེས་རྟོགས་བྱུང་ཡོད། ལོ་ཁྲི3400ཙམ་གོང་གི“དུས་རབས་གསར་པ་མགོ་བརྩམས་པ་ནས་དུས་རབས་གསར་པ་རིམ་འཕེལ”གྱི་གནམ་གཤིས་འགྱུར་ལྡོག་གིས་སྲོག་ཆགས་སྣ་མང་ཅན་དང་སྤེལ་རེས་ཀྱི་བརྒྱུད་རིམ་རྒྱུན་མཐུད་ངང་སྤེལ་བར་མགོ་བཙུགས་པ་དང་། དེའི་ཤུགས་རྐྱེན་ནི་དུས་མཇུག་གི་དུས་རབས་གསར་པའི་གྲུབ་ཆ་མཐོ་རུ་འགྲོ་བའི་དོན་རྐྱེན་ཁག་གཅིག་ལས་སྔ་བ་ཡོད། ས་ཁོངས་མི་འདྲ་བའི་ལོ་རྒྱུས་དང་དུས་རླུང་ཁོར་ཡུག་གི་ཁྱད་པར་གྱིས་ཐུན་མོང་ཐོག་ས་ཁོངས་ཁག་གི་རིམ་འགྱུར་གྱི་རྗེས་ཤུལ་མི་འདྲ་བ་བཏོད་ཡོད་པ་རེད།
གཞན་ཡང་། ཞིབ་འཇུག་ལས་རྩི་ཤིང་དང་སྲོག་ཆགས་ཀྱི་རིམ་འགྱུར་དབར་འབྲེལ་བ་གལ་ཆེན་ཡོད་པ་གསལ་སྟོན་བྱས་པ་དང་། ས་མཐོའི་ཚེ་སྲོག་གི་རིམ་འགྱུར་ཁྲོད་རྩི་ཤིང་གི་རིགས་ཚོགས་བཙུགས་པ་དེས་རྗེས་མཐུད་སྲོག་ཆགས་གནས་སྤོ་དང་སྣ་མང་ཅན་དུ་འགྱུར་བར་སྐྱེ་ཁམས་ཀྱི་རྨང་གཞི་མཁོ་འདོན་བྱས་ནས།“རྩི་ཤིང་སྔོན་ལ་འགྲོ་བ་དང་སྲོག་ཆགས་རྗེས་སུ་འགྲོ་བའི”རིམ་འགྱུར་རྣམ་པ་མངོན་ཡོད་པ་རེད། །