ཀུན་བཟང་རྣམ་རྒྱལ་གྱིས་བརྩམས་པའི《ལང་ཚོའི་ཕྱིར་རྟོག》པར་དུ་བསྐྲུན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དགའ་འོས་པའི་གཏམ་བཟང་ཞིག

《ལང་ཚོའི་ཕྱིར་རྟོག》གི་པར་སྐྲུན་ལ་རྟེན་འབྲེལ་མཚོན་བྱེད་དུ།

ཆོས་དབྱིངས་རྒྱ་མཚོ།(དཀར་མཛེས།)

ཀུན་བཟང་རྣམ་རྒྱལ་ངེད་གཉིས་ཐོག་མར་ངོ་ཤེས་དུས་ནི2015ལོ་ཡིན། ལོ་དེའི་ཟླ5པར《གངས་དཀར་རི་བོ》ཡི་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་སྐབས་དང་པོ་དབལ་ཤུལ་གསེར་རྟ་ནས་འཚོགས་དུས། ངས་སློབ་གྲྭའི་དབུ་ཁྲིད་ལ་གནང་བ་ཞུ་ཕོད་མི་ཕོད་དང་དབུ་ཁྲིད་ཀྱིས་ང་ལ་གནང་བ་སྟེར་མི་སྟེར་བྱས་བྱས་ནས་མཐར་དེ་ལ་ཞུགས་ཐུབ་ཙམ་བྱུང་། སྐབས་དེར《གངས་དཀར་རི་བོ》ཡི་རྩོམ་སྒྲིག་ཁང་ལ་གསར་དུ་ལས་གནས་སྤོས་པའི་ཀུན་བཟང་རྣམ་རྒྱལ་ལགས་ངོ་ཤེས་པ་ཡིན། དེ་དུས་ཀྱི་ཁོང་ནི་ཤ་དར་ཁྲག་དར་གྱི་གཞོན་པ་ཞིག་དང་ང་ནི་ཁ་འཁོབ་ལག་འཁོབ་ཀྱི་གཞོན་པ་ཞིག་ཡིན། དེ་དུས་ཀྱི་ཁོང་ནི་གསར་དུ་དུས་དེབ་ཁང་ཞིག་གི་རྩོམ་སྒྲིག་པར་གྱུར་པ་དང་། ང་ནི་གསར་དུ་རྩོམ་རིག་ཅེས་པའི་མཛེས་མ་དེའི་མགུལ་ལ་འཁྱུད་མཁན་ཞིག་ཏུ་གྱུར། ཡང་ན། དུས་དེ་ནས་བཟུང་ཀུན་བཟང་རྣམ་རྒྱལ་ནི་ངའི་རྩོམ་སྒྲིག་པ་དང་ང་ནི་ཀུན་བཟང་རྣམ་རྒྱལ་ལ་རྩོམ་སྐུར་མཁན་ཞིག་ཏུ་གྱུར།

ངས་ནམ་ཡང་བརྗེད་ཐབས་མེད་དེ། སྐབས་དེའི་གསོ་སྦྱོང་ཐོག་ཏུ་དགེ་རྒན་གངས་དབང་བཀྲ་ཤིས་ལགས་ཀྱིས་དེར་འདུས་པའི་རྩོམ་པ་པོ་རྣམས་ལ་རྩོམ་སྒྲིག་པ་གསར་པ་ཀུན་བཟང་རྣམ་རྒྱལ་ལ་རྒྱབ་སྐྱོར་གནང་དགོས་རབས་དང་། ཀུན་བཟང་རྣམ་རྒྱལ་གྱིས་རྩོམ་སྒྲིག་གི་ལས་འགན་ལྕི་མོ་འདི་ཉིད་ཐབས་ཤེས་ཟུང་ལྡན་གྱི་སྒོ་ནས་འཁུར་དགོས་པའི་བཀའ་སློབ་ཡང་ཡང་གནང་། སྐབས་དེ་ནས་བཟུང་དགེ་རྒན་གངས་དབང་བཀྲ་ཤིས་ནི་ཀུན་བཟང་རྣམ་རྒྱལ་དང་ང་ཚོའི་ཡིད་ཀྱི་རྟེན་ཕུར་དང་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་གྱུར།

2015ལོ་ནས་བཟུང་། 《གངས་དཀར་རི་བོ》ཡི་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭ་ལོ་བསྟུད་མར་སྤེལ་བས། ངས་ཀྱང་སློབ་གྲྭའི་ལས་དོན་དང་ཁྱིམ་ཚང་གི་ལས་ཀ་སོགས་མང་པོ་ཞིག་བློས་བཏང་ནས་དུས་ཐོག་ཐག་ཏུ་ཞུགས་ཐུབ་ཐུབ་བྱས་པ་ཡིན་པས། སྐབས་རེར་དྲྭ་གྲོགས་འགའ་རེས་ཟུར་ཟའི་ཚིག་མཚོན་འདྲ་མིན་བཏབ་ཡོང་མོད། ངས་སྣང་ལ་མ་ངེས་པའི་ངང་བཞག་སྟེ་ཁ་ཡ་མ་བྱས། ངས་རྩོམ་རིག་ལ་བཟུང་བའི་རྣམ་འགྱུར་དང་ཨུ་ཚུགས་དམིགས་བསལ་བ་དེ《གངས་དཀར་རི་བོ》ཡི་གདན་ཞུས་རྩོམ་སྒྲིག་པ་དགེ་རྒན་གངས་དབང་བཀྲ་ཤིས་དང་ལས་ཐོག་རྩོམ་སྒྲིག་པ་ཀུན་བཟང་རྣམ་རྒྱལ་སོགས་ཀྱིས་མཁྱེན་སོང་བ་འདྲ་སྟེ། དེའི་རྗེས་ཀྱི《གངས་དཀར་རི་བོ》དང་འབྲེལ་བའི་གསོ་སྦྱོང་འཛིན་གྲྭ་ཡིན་ཡང་ཆོག གན་རྒྱ་འཇོག་པའི་རྩོམ་པ་པོའི་གདམ་གསེས་ཡིན་རུང་ཆོག 《ཁམས་ཀྱི་རྩོམ་པ་པོའི་དཔེ་ཚོགས》དཔར་བ་ཡིན་ཡང་ཆོག ང་ལ་ཐོག་མ་ཐོག་མའི་གྲས་ཀྱི་གོ་སྐབས་གནང་ཞིང་། ནམ་རྒྱུན་རེ་བ་ཆེ་ཤོས་ཀྱི་གྲས་ལ་བཞག་ནས་གསོ་སྐྱོང་གནང་བས། ངས་ཀྱང་གཟུགས་བརྙན་ཙམ་མིན་པར་ཤ་འཐམ་རུས་འཐམ་གྱིས་རྩོམ་རིག་གསར་རྩོམ་ལ་འབད་པ་བྱས་པ་ཡིན།

ཀུན་བཟང་རྣམ་རྒྱལ་ངེད་གཉིས་གསར་དུ་ངོ་ཤེས་སྐབས་ངས་ཁོང་ལ་དགེ་རྒན་ཀུན་བཟང་རྣམ་རྒྱལ་ཞེས་བོས་པ་ཡིན། རིམ་གྱིས་དུས་ཀྱི་འགྲོས་དང་བསྟུན་ནས་ཕན་ཚུན་ལ་རྒྱུས་མངའ་ཆེ་བའི་གྲོགས་པོར་གྱུར་པ་ནས་དགེ་རྒན་ཀུན་བཟང་རྣམ་རྒྱལ་ཞེས་ཁ་ནང་ལ་མི་ཡོང་བ་ཞིག་ཏུ་གྱུར་སོང་བས། ཐད་ཀར་ཁོང་གི་མིང་དངོས་ནས་བོས་པ་ཡིན། དྲང་མོར་བཤད་ན་དེ་ལྟར་བར་ཐག་རིང་པོ་མ་བཟུང་ན་ལྷག་ཏུ་འབྲེལ་འདྲིས་ཡོང་བར་བཟང་། དངོས་འབྲེལ་ངེད་གཉིས་ངོ་ཤེས་ནས་ཕལ་ཆེར་མི་ལོ་ཧྲིལ་པོ་བཅུ་གཅིག་ཙམ་འགོར་འདུག་ཀྱང་། དེའི་རིང་ལ་ངོ་དམར་རེས་བྱས་ནས་སྐད་ཆ་བཤད་པ་ཐེངས་གཅིག་ཡོད་མ་མྱོང་ལ། ཐ་ན་ཕན་ཚུན་ལ་མི་འདོད་པའི་རྣམ་འགྱུར་ཙམ་ཡང་སྟོན་མ་མྱོང་། དེ་ལས་ལྡོག་སྟེ་ལོ་རེ་ལས་ལོ་རེ་བཞིན་འབྲེལ་བ་ཇེ་དམ་དང་བརྩེ་བ་ཇེ་ཟབ་ཏུ་འགྱུར་བཞིན་འདུག

འོན་ཀྱང་། ངེད་གཉིས་ངོ་ཤེས་ནས་ཡུན་རིང་ཆགས་པ་དང་གྲོགས་པོ་བཟང་པོར་གྱུར་པ་ནས་བཟུང་། ང་ལ་སེམས་ཁྲལ་ཞིག་གམ་ཡང་ན་རེ་སྨོན་གསར་པ་ཞིག་ངང་གིས་སྐྱེས། དེ་ནི་ངའི་གྲོགས་པོ་རྩོམ་སྒྲིག་པ་ཡིན་པའི་ཀུན་བཟང་རྣམ་རྒྱལ་གྱིས་ཀྱང་ལྟར་སྣང་ཙམ་མ་ཡིན་པར་ཁ་མིན་དོན་གྱིས་རྩོམ་རིག་གི་ཕྱོགས་ལ་སློབ་སྦྱོང་གནང་ན་ཅི་མ་རུང་སྙམ་པའི་འདུན་པ་ཞིག་དུས་ངེས་མེད་དུ་སྐྱེས་ཡོང་བ་དེ་ཡིན། སྤྱིར་ན་ཁོང་ཉིད་འཚར་ལོངས་འབྱུང་སའི་ཁྱིམ་ཚང་དང་སྤྱི་ཚོགས་ཁོར་ཡུག་གང་ཡིན་ཡང་། རིག་གནས་ཀྱི་བག་ཆགས་ཟབ་མོ་བཞག་འདུག་པ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་སྦྱོང་གནང་སྐབས་ཀྱང་སྙན་ངག་འབྲི་བ་དང་གྱེར་བ་སོགས་རྩོམ་རིག་དང་འབྲེལ་བའི་ཕྱག་ལས་མང་པོ་ཞིག་གནང་འདུག་ཀྱང་། རྩོམ་པ་པོ་དངོས་མ་ཞིག་ཆགས་པར་ད་རུང་ཡང་བར་ཐག་རིང་པོ་འདུག་པས། ངས་ང་རང་གི་གྲོགས་པོ་རྩོམ་སྒྲིག་པ་ཁོང་ཉིད་རྩོམ་རིག་གསར་རྩོམ་དང་དཔེ་ཀློག་གི་ལམ་ཁར་ཞུགས་ཐུབ་ན་ཅི་མ་རུང་ཡང་ཡང་སྙམ་པ་ཡིན། བོད་ཁུལ་གྱི་དུས་དེབ་རྩོམ་སྒྲིག་པ་གཞན་པ་རྣམས་ངོ་ཤེས་པ་དང་ཁོང་ཚོས་གསར་རྩོམ་ལ་གཞོལ་བཞིན་པའི་གནས་ཚུལ་ཤེས་དུས་དེ་ལས་ཀྱང་གོང་གི་བསམ་ཚུལ་དེ་ཤུགས་ཆེན་པོར་གྱུར་འགྲོ། འོན་ཀྱང་། ངས་ཐད་ཀར་ཁོང་གི་ངོ་ལ་བལྟས་ནས་ཁྱེད་ཀྱིས་རྩོམ་མ་བྲིས་ན་གཞན་གྱི་རྗེས་སུ་ལུས་འགྲོ་ངེས་ཞེས་བཤད་མ་མྱོང་ལ། དངོས་འབྲེལ་དེ་འདྲ་ཞིག་ཡིན་པའི་ངེས་པའང་ཡོད་མི་སྲིད་མོད། འོན་ཀྱང་། ངས་ཤུགས་དང་ཤུགས་སུ་དེ་ལྟར་ཐུབ་ན་དཔེ་མེད་ཡག་པོ་འདུག་ཅེས་བཤད་མྱོང་བ་དྲན།

སྟབས་ལེགས་པ་ཞིག་ལ། ཐེངས་ཤིག་གྲོགས་པོ་རབ་རྒྱས་དང་ཁོང་གཉིས་ཉིང་ཁྲི་རུ《མི་རིགས་ཀྱི་རྩོམ་རིག》གི་རྩོམ་པ་པོ་དང་ལོ་ཙཱ་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་ཕྱིར་སླེབས་དུས། ངེད་གཉིས་ཀྱིས་དེའི་སྐོར་ནས་ཁ་བརྡ་གློད་པ་ཡིན། ཁོང་གིས་ང་ལ་དབུས་དང་སྟོད་ཕྱོགས་ཀྱི་ན་གཞོན་རྩོམ་འབྲི་བ་ཚོས་དམིགས་ཡུལ་དང་འཆར་གཞི་ཡོད་པའི་སྒོ་ནས་གསར་རྩོམ་ལ་འབད་བཞིན་འདུག ང་ཚོས་ཀྱང་ཁོང་རྣམ་པར་མིག་དཔེ་བལྟས་ཏེ་ཉེ་འཁོར་གྱི་རྩོམ་རིག་ལ་དགའ་བའི་གྲོགས་པོ་རྣམས་བསྡུས་ནས་འཆར་གཞི་དང་བཅས་རྩོམ་རིག་ལ་འབད་དགོས་འདུག་ཅེས་ཟེར་བས། ང་ནི་རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་ཤིན་ཏུ་དགའ་བར་གྱུར་བས་དུས་ཚོད་ཡུན་རིང་མ་འགོར་བར་དངོས་སུ་རྩོམ་རིག་ནང་མོལ་ཞེས་པའི་ཚོགས་པ་ཞིག་བཙུགས་ཏེ། ཁོང་གིས་མཛུབ་སྟོན་གནང་བ་ལྟར་འཆར་གཞི་བཟོས་ཏེ་ཚོགས་པའི་ནང་དུ་བསྒྲགས་པ་ན། ཀུན་ཀྱང་དགའ་མོས་སྤྲོ་གསུམ་གྱིས་ནང་ལ་ཞུགས་ཏེ་གསར་རྩོམ་དང་དཔེ་ཀློག་ལ་འབད་པ་བྱས།

དེ་ནས་བཟུང་ཟླ་བ་རེ་རེ་བཞིན་ཚོགས་པའི་ནང་དུ་ལས་བྱ་སྤྲད་དགོས་པས། ཚོགས་མི་ཚང་མས་དུས་ལྟར་ལས་བྱ་སྤྲད་པ་དང་མ་འཕྲོད་པ་ཚོས་ཆད་པ་སྤྲད་ནས་ད་བར་དུ་རྒྱུན་བསྐྱངས་དང་སྐྱོང་བཞིན་པ་རེད། སྤྱིར་ན་ཚོགས་མི་ཚང་མས་ཚ་ཚ་འུར་འུར་གྱིས་རྩོམ་རིག་གླེང་བ་དང་གསར་རྩོམ་བྱེད་པ། དཔེ་ཀློག་བྱེད་པ་སོགས་ལ་འབད་པ་བྱས་མོད། དེ་ལས་ཀྱང་ཀུན་བཟང་རྣམ་རྒྱལ་ལགས་ཀྱིས་ཚོགས་མི་ཚང་མར་མིག་དཔེའི་ཚུལ་དུ་འབད་པ་བླ་ལྷག་གནང་བས། ལོ་འདིའི་འགའ་གསར་རྩོམ་གྲུབ་འབྲས་ཀྱི་ངོས་ནས་བརྗོད་ན། ཀུན་བཟང་རྣམ་རྒྱལ་ནི་ངེད་རྩོམ་རིག་ནང་མོལ་ཚང་གི་ཆེས་འབུར་དུ་ཐོན་པ་དེ་ཡིན་ཞེས་བཤད་ནའང་མི་ཆོག་པ་གང་ཡང་མེད།

དེ་ནས་བཟུང་ཀུན་བཟང་རྣམ་རྒྱལ་ངེད་གཉིས་ཀྱིས་བརྩམས་ཆོས་གསར་པ་རེ་འགྲུབ་པ་ན་ཕན་ཚུན་ལ་བསྐུར་ནས་བསམ་ཚུལ་འདོན་རེས་དང་སྐུལ་སློང་བྱས་རེས་ཀྱིས་ཡོང་བས། ངེད་གཉིས་ནི་དངོས་འབྲེལ་སྔར་གྱི་རྩོམ་སྒྲིག་པ་དང་རྩོམ་སྐུར་མཁན་གྱི་འབྲེལ་བ་ནས་ད་ལྟ་གྲོགས་པོ་བཟང་པོ་དང་དེ་ལས་ཀྱང་རྩོམ་གྲོགས་བཟང་པོར་གྱུར་སོང་། ད་ཐེངས་ཁོང་གིས་ལོ་ངོ་འདི་དག་གི་རིང་ལ་བྲིས་པའི་བརྩམས་ཆོས་ཁག་ལས་ལྷུག་རྩོམ་ལེགས་ཤོས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས《ལང་ཚོའི་ཕྱིར་རྟོག》ཅེས་པ་དེབ་གཟུགས་སུ་བསྐྲུན་འདུག་པ་དང་། དེའི་གཏམ་བཟང་ལ་ཀུན་གྱིས་མཐོངས་ཆེན་པོ་སྤྲད་ནས་ཡར་མར་སྤེལ་བཞིན་པའི་སྐབས་ཐོག་འདིར། རང་ངོས་ཀྱི་དགའ་བ་གནོན་མ་ཐུབ་པར་འདི་འདྲའི་ཡིག་ཚོགས་ཤིག་འབྲི་བར་ཤོར། དེ་ནི་གྲོགས་པོའི་གསར་རྩོམ་ལ་གྲུབ་འབྲས་སྨིན་པར་དགའ་ཐག་ཆོད་པས་ཡིན་ལ། མ་འོངས་པར་སྔར་བཞིན་གསར་རྩོམ་ལ་འབད་པ་གནང་བའི་རེ་སྨོན་ཞིག་གི་ཚུལ་དུའང་ཡིན། མཐར་གྲོགས་པོ་ཁོང་གི་དེབ་གསར《ལང་ཚོའི་ཕྱིར་རྟོག》དངོས་སུ་དཔར་སྐྲུན་གནང་བར་རྟེན་འབྲེལ་ཞུ་བ་དང་རྩོམ་རིག་གསར་རྩོམ་གྱི་ལམ་ཁ་སྔར་ལས་ཡངས་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན་ནོ།།

2026ལོའི་ཟླ10ཚེས28ཉིན་གྱི་ཕྱི་དྲོའི་ཆར་ལི་ཐང་གི་ཀོག་ཧྥེ་ཁང་ཞིག་ནས་ཤར་མར་བྲིས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།