ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྡོད་ཁང་དང་ཤང་གྲོང་འཛུགས་སྐྲུན་པུའུ་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ་སོགས་སྡེ་ཚན6གིས་མཉམ་འབྲེལ་སྒོས་དཔར་འགྲེམ་བྱས་པའི《ཁྲོམ་གཞུང་དང་བཟོ་ཁུལ་རྙིང་པའི་བསྒྱུར་བཀོད་རིམ་སྤོར་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཉེ་ཆར་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ནས། ཁྲོམ་གཞུང་དང་བཟོ་ཁུལ་རྙིང་པའི་བབསྒྱུར་བཀོད་རིམ་སྤོར་གྱི་ལས་འགན་ཁ་གསལ་བཟོས་པ་དང་། ས་གནས་སོ་སོས་གྲོང་ཁྱེར་ཡོངས་ཀྱི་བརྟག་བཤེར་བྱས་འབྲས་དང་ཟུང་འབྲེལ་བྱས་ཏེ། ཁྲོམ་གཞུང་དང་བཟོ་ཁུལ་རྙིང་པའི་བབསྒྱུར་བཀོད་རིམ་སྤོར་གྱི་ལས་གཞིའི་རྣམ་གྲངས་གལ་ཆེན1500གོ་རིམ་ལྡན་པའི་ངང་ལག་བསྟར་བྱས།
མཛུབ་ཁྲིད་བསམ་འཆར་ནང་། ཁྲོམ་གཞུང་དང་བཟོ་ཁུལ་རྙིང་པ་སྣ་ཚོགས་ཀྱི་བསྒྱུར་བཀོད་དང་རིམ་སྤོར་གྱི་གཙོ་གནད་བཏོན་ནས། བཟོ་ཁུལ་རྙིང་པའི་ནུས་པ་བསྒྱུར་བ་དང་། ཚོང་ལས་ཁྲོམ་ཁུལ་རྙིང་པའི་ལས་རིགས་རིམ་སྤོར། འཚོ་བའི་ཁྲོམ་ཁུལ་རྙིང་པའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ། འགྲིམ་འགྲུལ་ལྟེ་གནས་རྙིང་པ་དང་དེ་བཞིན་མཐའ་འཁོར་ཁྲོམ་ཁུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བ། ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དང་གྲོང་རྡལ་ཁུལ་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་འགན་ལེན་བྱེད་པའི་རྨང་གཞིའི་ཐོག བཟོ་ཁང་རྙིང་པ་བསྒྱུར་བཀོད་དང་རིམ་སྤོར་བྱེད་པ་དང་། ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། མཛེས་ལྗོངས་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། ཐོན་ལས་རིམ་སྤོར་གྱི་དགོས་མཁོ་དང་འཚམ་པ་བྱེད་དགོས། ཚོང་ཁང་རྙིང་པ་དང་། ཚོང་ལས་ཁྲོམ་ལམ། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་བཅས་བསྒྱུར་བཀོད་མཐོར་འདེགས་དང་། ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། འགྲིམ་འགྲུལ་རྩ་འཛུགས་དང་དལ་སྐྱོད་མ་ལག་ཇེ་ལེགས་སུ་གཏོང་བ། བར་སྟོང་གི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་བྱེད་དགོས། གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་པའི་བར་མཐོངས་ཆུང་གྲས་དང་ཆེས་ཆུང་གྲས་བཅོས་སྒྲིག་མཐོར་འདེགས་ལ་སྐུལ་འདེད་གཏོང་བ། འཚོ་བའི་ཁྲོམ་གཞུང་རྙིང་པའི་འཚོ་སྡོད་ལ་འཚམ་པའི་ཆུ་ཚད་མཐོར་འདེགས་གཏོངདགོས། མེ་འཁོར་འབབ་ཚུགས་དང་རླངས་འཁོར་འབབ་ཚུགས་རྙིང་པ་སོགས་འགྲིམ་འགྲུལ་ལྟེ་བའི་སྒྲིག་བཀོད་དང་མཐའ་འཁོར་ཁྲོམ་ཁུལ་གཞི་གཅིག་ཅན་གྱི་བསྒྱུར་བཀོད་མཐོར་འདེགས་ལག་བསྟར་བྱས་ཏེ། འབབ་ཚུགས་དང་གྲོང་ཁྱེར་མཉམ་འདྲེས་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།“གསར་བརྗེ་ཆུང་བ”སོགས་ཀྱི་བྱ་ཐབས་བརྒྱུད། ལོ་རྒྱུས་རིག་གནས་ཁྲོམ་ཁུལ་དང་གྲོང་རྡལ་དང་ཆུས་ཀྱི་སྲུང་སྐྱོང་མཐོར་འདེགས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། སྤྱི་ཡོངས་ཀྱི་རྣམ་པ་དང་ལོ་རྒྱུས་ཀྱི་རྣམ་པ་རྒྱུན་སྲིང་བྱེད་དགོས་པར་བཏོན་ཡོད། །