སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ལྡོག་ལན་ལེགས་འགྲུབ་བྱུང་བ།

ཡོང་ཁུངས། ཞིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་ལྡོག་ལན་ལས་དོན་ཉེ་ཆར་ལེགས་འགྲུབ་བྱུང་ཡོད། སྐོར་ཞིབ་ལྡོག་ལན་དེ་གཅིག་སྡུད་ལྡོག་ལན་དང་སྐོར་ཞིབ་ཚོགས་ཆུང་གི“གཅིག་ལ་གཅིག་གཏད”ཀྱི་ལྡོག་ལན་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་སྤེལ་བ་རེད། 

གཅིག་སྡུད་ལྡོག་ལན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་རེས་སྐོར་བདུན་པའི་སྐོར་ཞིབ་གནས་ཚུལ་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྐོར་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་བརྡ་ཁྱབ་བཏང་ལ། སྐོར་ཞིབ་དག་ཐེར་ལེགས་བཅོས་དམ་འཛིན་ཡག་པོ་བྱ་རྒྱུའི་བཀོད་སྒྲིག་བཅས་བྱས་པ་རེད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་ཀྲུང་དབྱང་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ལིའུ་ཅིན་གོ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་བ་རེད། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང15ཡིས་རེས་སྐོར་འདིའི་སྐོར་ཞིབ་བྱེད་མཁན་གྱི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཚན་པ36ལ“གཅིག་གཏད་གཅིག”གི་སྐོར་ཞིབ་གནས་ཚུལ་ལྡོག་ལན་སྤྲད་པ་རེད། 

ལྡོག་ལན་ནང་ནན་གྱིས་བསྟན་དོན། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། རང་རྟོགས་ངང་ཆབ་སྲིད་དང་ཁྱོན་ཡོངས་ནས་འགོ་བཙུགས་ཏེ། ཆེས་བློ་བརྟན་འགྱུར་མེད་ཀྱི་རྣམ་འགྱུར་དང་འགན་ཧ་ཅང་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས། སྐོར་ཞིབ་དག་ཐེར་དམ་འཛིན་ཡག་པོ་བྱས། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་དགོས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཁྲོད་དུ་དམིགས་བསལ་དང་གལ་ཆེའི་གནས་བབ་བཟུང་ཡོད་པས། ཕྱོགས་གང་ཅིའི་ཐད་ཀྱི་ལས་དོན་ཚང་མ་མདུན་དུ་བསྐྱོད་དགོས་པ་དང་། མིག་དཔེ་སྟོན་དགོས་ལ། དག་ཐེར་ལེགས་བཅོས་དོན་འཁྱོལ་ཐད་ལའང་དཔེ་འཛིན་ས་བཏོད་དགོས། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་དམ་པོར་འཁུར་དགོས་པ་དང་། དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ་ནི་མགོ་ཁྲིད་ལས་བྱེད་པའི་སྲིད་འབྲས་ལྟ་བར་ཐད་ཀར་ཚོད་བགམ་བྱེད་པ་ཞིག་ཡིན་པས། “མགོ་ཁྲིད་དང་པོ”ཡིས་འགན་འཁྲི་འཁུར་ནས་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་། དཀའ་གནད་དང་གཙོ་གནད་གནད་དོན་སྣེ་ཁྲིད་དེ་འགན་སྒྲུབ་བྱེད་དགོས། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་ནན་པོ་བྱས་ཏེ། ལས་བགོས་དོ་དམ་ཁྱབ་ཁོངས་ཀྱི་དག་ཐེར་ལེགས་བཅོས་ལས་འགན་དམ་འཛིན་གང་ཐུབ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་སེམས་ཁུར་བྱེད་པ་དང་། ལུས་པོ་སྒུར་ནས་འཐབ་ཕྱོགས་དང་པོར་བསྐྱོད་དེ། གཞི་རིམ་གྱི་གནས་ཚུལ་གསལ་རྟོགས་དང་། གནད་དོན་གྱི་གནད་འགག་འཚོལ་བ། དངོས་སྒྲུབ་དང་ནུས་ལྡན་གྱི་ཐག་གཅོད་བྱེད་ཐབས་འདོན་དགོས། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་དང་། དག་ཐེར་ལེགས་བཅོས་གོ་སྐབས་སུ་བཟུང་ནས་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ། དཔེ་བཟང་ལས་ཁུངས་འཛུགས་སྐྲུན་ཧུར་ཐག་དང་། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་དཔུང་ཁག་དང་པོར་ལེགས་པར་བསྐྱོད་དགོས། དག་ཐེར་ཡོ་བསྲང་གི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། སླ་བཅོས་དང་དག་ཐེར་ཡོ་བསྲང་རྫུན་མ་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་མོ་བྱེད་དགོས། 

ཤེས་གསལ་ལྟར་ན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ལ་ད་དུང་མགོ་ཁྲིད་ལས་བྱེད་པ་སྐོར་ཞིག་གི་གནད་དོན་གྱི་ཁུངས་སྣེ་འབྱོར་ནས། གཏན་འབེབས་ལྟར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་ལས་ཁུངས། ཀྲུང་དབྱང་རྩ་འཛུགས་པུའུ་སོགས་ཀྱི་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་པར་སྤྲད་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།