ཟླ10པའི་ཚེས19ཉིན་ནས་ཚེས21ཉིན་བར། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྟོག་ཞིབ་ཚན་ཆུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་དེ་བཞིན་ཟི་ལིང་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་སུ་བསྐྱོད་དེ་སྲིད་འཛིན་ཞིབ་དཔྱོད་བྱ་བར་ཆེད་དོན་རྟོག་ཞིབ་བྱས།
རྟོག་ཞིབ་ཚན་ཆུང་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་། བཙན་ཤེད་ལོགས་བཀར་དུག་གཅོད་ཁང་། མི་རིགས་མཐུན་སྒྲིལ་སློབ་གསོའི་རྟེན་གཞི། འཐེན་ཐུག་གློག་རྡུལ་ཚོང་དོན་ལྟེ་གནས། ཐོན་ལས་གླིང་སོགས་སུ་བསྐྱོད་དེ། ཡུལ་དངོས་ནས་བཅར་འདྲི་དང་ལྟ་སྦྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་དང་། སྲིད་འཛིན་རྩོད་གཞི་ངོ་བོའི་རང་བཞིན་ལྡན་པའི་འདུམ་གཅོད་བྱེད་པ། སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་འབྲེལ་མཐུད་བྱེད་པ། གཞི་གྲངས་ཆེན་མོའི་ནུས་སྩོལ་བཅའ་ཁྲིམས་ཀྱི་ལྟ་སྐུལ། སྲིད་གཞུང་དང་ཞིབ་དཔྱོད་མཉམ་འགུལ་དང་དེ་བཞིན་ཚོང་གཉེར་ཁོར་ཡུག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཆེད་དོན་བཞུགས་མོལ་ཚོགས་འདུ་ཚོགས་ནས། ཞིང་ཆེན་ཡོངས་ཀྱི་སྲིད་འཛིན་ཞིབ་དཔྱོད་བྱ་བའི་གནས་ཚུལ་སྙན་ཞུ་དང་། དེ་བཞིན་འབྲེལ་ཡོད་སྡེ་ཁག་དང་དམངས་ཆེན་འཐུས་མི། གཞི་རིམ་ལས་ཁུངས་བཅས་ཀྱི་བསམ་འཆར་དང་གྲོས་གཞིར་ཉན།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཞིབ་དཔྱོད་ཀྱི་འགན་ནུས་བསྒྲུབས་པས། སྲིད་འཛིན་ཞིབ་དཔྱོད་བྱ་བར་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་གྲུབ་འབྲས་མངོན་གསལ་བླངས་པ་དང་། སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་གནད་འཁེལ་རང་བཞིན་དང་སྤྱི་རྟོན་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། སྲིད་འཛིན་ཞིབ་དཔྱོད་ཀྱིས“ཕྱོགས་གཉིས་ལ་ལྟ་སྐུལ་བྱེད་པ”ནི་ཁྲིམས་ལྟར་སྲིད་འཛིན་དང་། སྲིད་འཛིན་རྩོད་གཞི་འདུམ་གཅོད། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བཅས་བྱེད་པར་སྐུལ་འདེད་གཏོང་རོགས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་ཞིབ་དཔྱོད་ཀྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས། སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། སྲིད་འཛིན་གྱི་ནུས་ཐོན་ཤན་འབྱེད་དང་། འདྲི་གཅོད་བྱེད་སྒོ། ལག་བསྟར་བྱེད་སྒོ་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་འཛིན་ཞིབ་དཔྱོད་ཀྱི་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་གཏོང་དགོས། མཉམ་སྒྲུབ་མཉམ་འགུལ་གཏིང་ཟབ་ཏུ་གཏོང་བ་དང་གཞི་གྲངས་ཀྱི་བཀག་རྒྱ་ཤར་གཏོང་ཐུབ་པ་བྱས་ཏེ། སྲིད་འཛིན་ཁྲིམས་འཛིན་གྱི་ཆ་འཕྲིན་དང་ཞིབ་དཔྱོད་ལྟ་སྐུལ་གྱི་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱས་ནས། བྱ་བའི་སྒྲིལ་ཤུགས་གྲུབ་པར་བྱེད་དགོས་པ་དང་། དཔུང་ཁག་ཆེད་ལས་ཅན་འཛུགས་སྐྱོང་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་པ་དང་། ཆེད་ལས་ཅན་གྱི་གསོ་སྦྱོང་ལ་ཤུགས་བསྣན་ནས་སྟོབས་ཤུགས་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ། སྲིད་འཛིན་ཞིབ་དཔྱོད་བྱ་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་ནན་གྱིས་བསྟན།