ལུའོ་ཏུང་ཁྲོན་དང་ཀྲུའུ་ཀི་ཡུས་ཅེ་ཡིས་དུས་ཐོག་ཏུ་ཡུས་ཧྲུའུ་ཁུལ་རྫ་སྟོད་རྫོང་གི་ས་ཡོམ་ཚད་རིམ5.3གྱི་ཡོམ་འགོག་གནོད་སེལ་བྱ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཟླ10པའི་ཚེས24ཉིན་གྱི་ཆུ་ཚོད16དང་སྐར་མ39སྟེང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དུ་ས་ཡོམ་ཚད་རིམ5.3བྱུང་བ་དེ་བོད་ལྗོངས་སྦྲ་ཆེན་གྱི་ས་ཡོམ་ཚད་རིམ7.0བྱུང་བའི་ཡོམ་འཕྲོ་རེད། ས་ཡོམ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱིས་ཐོག་མའི་དུས་ཚོད་ནང་བྱ་བའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཀྲུའུ་ཀི་ཡུས་ཅེ་དུས་ཐོག་ཏུ་ཞིང་ཆེན་འཕྲལ་བསྟུན་བཀོད་འདོམས་པུའུ་རུ་ཡོང་ནས་བརྙན་ལམ་བཀོད་གཏོང་བྱས་པ་དང་། ཡོམ་འགོག་གནོད་སེལ་བྱ་བར་བཀོད་སྒྲིག་བྱས། ཀྲང་ཅིན་ཀང་བརྙན་ལམ་བཀོད་གཏོང་ལ་ཞུགས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་ཚད་རིམ7.0ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། ཙུང་ལི་ལི་ཆང་གི་མཆན་འགོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་ནས། བྱ་སྤྱོད་མྱུར་སྤེལ་དང་སྤྱི་འདོམས་ལ་ཤུགས་བསྣན་ནས། ལས་ཡུལ་དང་པོའི་བྱ་བར་བཀོད་འདོམས་བྱས་ཏེ། ཡོམ་འགོག་གནོད་སེལ་གྱི་བྱ་བ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་དགོས། ས་གནས་ཀྱི་གནོད་འཚེ་ཕོག་ཚུལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཏེ། གནས་ཚུལ་གསལ་པོ་དང་མཐིལ་རྟོགས་གསལ་པོ་ཡོང་བར་བྱས་ནས། མི་གཅིག་ཀྱང་མི་ལུས་པ་དང་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་བྱེད་དགོས། ཉེན་ཁ་ཆེ་བའི་ས་ཁོངས་ཀྱི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བྱས་ཏེ། སེམས་རྣལ་དུ་ཕབ་ནས་གནོད་ཐེབས་མང་ཚོགས་ཀྱི་གནས་སྐབས་བདེ་འགོད་དང་འཚོ་བའི་འགན་སྲུང་ཡག་པོ་བྱས་ཏེ། མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་འོས་འཚམ་བྱེད་དགོས། ཡོམ་འཕྲོའི་གནས་ཚུལ་ལ་དོ་ཁུར་ནན་མོ་བྱས་ཏེ། མཉམ་གྲོས་ཞིབ་བརྡར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དོགས་ཟོན་བྱེད་ཐབས་སྤྱད་དེ་ཞོར་ཐོན་གནོད་འཚེ་འབྱུང་རྒྱུ་ནན་འགོག་བྱེད་དགོས། རོགས་སྐྱོབ་སྟོབས་ཤུགས་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཕྲལ་བསྟུན་དངོས་ཟོག་གྲ་སྒྲིག་ཡག་པོ་བྱས་ཏེ། གནོད་འཚེ་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པ་དང་། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སྤྲད་ནས། སྤྱི་ཡོངས་བརྟན་བརླིང་དང་མི་སེམས་ཞི་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།

ཀྲུའུ་ཀི་ཡུས་ཅེ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། མཐར་ཐུག་གི་བསམ་གཞིགས་དང་ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ས་ཡོམ་གྱི་གནས་ཚུལ་དང་ས་ཡོམ་བྱུང་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་ནན་མོ་བྱེད་པ་དང་། གྲོས་མོལ་ཞིབ་བརྡར་བྱ་རྒྱུར་ཤུགས་བསྣན་ནས། ཡོམ་འཕྲོ་འགོག་ཟོན་དང་སྔོན་བརྡ་གཏོང་བའི་བྱ་བ་ཡག་པོར་སྒྲུབ་དགོས། ལས་བྱེད་པ་ལས་ཡུལ་དང་པོར་བསྐྱོད་རྒྱུར་རྩ་འཛུགས་བྱས་ནས། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་རེ་རེ་བཞིན་གྲལ་བཤེར་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་བདེ་འགོད་འོས་འཚམ་བྱེད་པ་དང་སེམས་རྣལ་དུ་ཕབ་ནས་ཐོན་སྐྱེད་འཚོ་བ་དང་སློབ་སྦྱོང་ཞབས་ཞུའི་འགན་སྲུང་ཡག་པོ་བྱེད་དགོས། ཆེད་ལས་ལག་རྩལ་གྱི་སྟོབས་ཤུགས་ལ་བརྟེན་ནས། གནོད་འཚེར་བརྟག་དཔྱད་དང་གནོད་འཚེར་དཔྱད་འཇོག་ཕྱོགས་ཡོངས་ནས་ཞིབ་ཚགས་བྱས་ཏེ། གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་དགོས། སྡེ་ཁག་བར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་པ་དང་། འཕྲལ་བསྟུན་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས། ཆ་འཕྲིན་ཁྱབ་བསྒྲགས་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སོགས་ཀྱི་བྱ་བ་ཡག་པོར་བསྒྲུབ་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་བྱེད་དགོས།

མ་ཡིག་བསྐུར་བའི་བར་ས་ཡོམ་གྱིས་མི་སྣ་ཤི་རྨས་བྱུང་མེད་པ་དང་། འགྲིམ་འགྲུལ་དང་འཕྲིན་གཏོང་། གློག་ཤུགས་སོགས་རྨང་གཞིའི་སྒྲིག་བཀོད་འཁོར་སྐྱོད་རྒྱུན་ལྡན་བྱུང་ཡོད། ས་གནས་དང་འབྲེལ་ཡོད་སྡེ་ཁག་གིས་མགྱོགས་མྱུར་ངང་སྟོབས་ཤུགས་རྩ་འཛུགས་བྱས་ནས་ཡོམ་ཁུལ་དུ་བསྐྱོད་དེ། མང་ཚོགས་བདེ་འགོད་དང་གནོད་འཚེའི་གནས་ཚུལ་ཞིབ་བཤེར། ཁང་པར་དཔྱད་འཇོག་གསལ་འབྱེད་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།