ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ10པའི་ཚེས23ཉིན་ཚོགས་འདུ་བསྡུས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་བདུན་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་མཛད།
ཚོགས་འདུའི་ཐོག་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཐེངས་བདུན་པའི་སྐོར་ཞིབ་ལས་དོན་སྤེལ་བ་གཏིང་ཟབ་ལ་ཕན་འབྲས་མངོན་གསལ་བླངས་ཡོད། སྐོར་ཞིབ་ཀྱི་ངོས་ནས་བལྟས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་མོད། འོན་ཀྱང་གནད་དོན་ཁ་ཤས་ཀྱང་གནས་ཡོད་པས། ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་གཟབ་ནན་གྱིས་ཐག་གཅོད་བྱ་དགོས། དག་ཐེར་ཡོ་བསྲང་གི་འགན་འཁྲི་ནན་དུ་གཏོང་དགོས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་ཏང་འཛུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། སྐོར་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་དང་ནན་ཏན་བྱེད་དགོས་ལ། དག་ཐེར་ངོ་མ་བྱེད་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི“སྲུང་སྐྱོང་གཉིས”ལག་ཏུ་བསྟར་བའི་རུ་སྟར་དང་པོ་ཡིན་པས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ། ཆབ་སྲིད་ཀྱི་འགན་འཁུར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། སྒྱུར་བཅོས་ཀྱི་འགག་སྒྲོལ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་འཁྱོལ་ནན་མོ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས། ཉེན་ཁ་དང་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་དང་། གྲལ་བཤེར་བཅོས་སྒྲིག་ལ་ཤུགས་བསྣན་ནས་དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་དང་བདེ་འཇགས་ལ་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་ཚན་ཁག་གི་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ཤུགས་ཆེ་རུ་བཏང་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ལས་སྒྲུབ་ལས་གཏོད་དང་འགག་སྒྲོལ་དཀའ་སེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལསས་ཏན་ཏིག་སྒོས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ཏེ། རུལ་སུངས་ལ་ཆད་པ་ནན་མོ་གཅོད་པའི་རྣམ་པ་རྒྱུན་འཁྱོངས་དང་གཟབ་ནན་གྱི་རྩ་བའི་སྤྱིའི་དགོངས་གཞི་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ལས་ཁུངས་སྒྲིག་འཛུགས་བྱ་དགོས།
ཚོགས་འདུ་ལས་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས། །