སྤྱི་ཟླ10པའི་ཚེས23ནས25ཉིན་བར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་། རྩེ་ཁོག་རྫོང་ཏང་ཨུ། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི“དམེ་ཤུལ་ནགས་ཚལ་རྟགས་མའི”བོད་ཀྱི་རྩེད་རིག་འགྲན་སྡུར་སྐབས་དང་པོ་དེ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་དུ་བསྡུས།

“དམེ་ཤུལ་ནགས་ཚལ་རྟགས་མའི”བོད་ཀྱི་རྩེད་རིག་འགྲན་སྡུར་སྐབས་དང་པོ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཁྲིད་སྟོན་དུ་བཟུང་སྟེ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ། བོད་ཀྱི་དམངས་ཁྲོད་རྩེད་རིག་དེ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་དར་སྤེལ་རྒྱ་ཆེར་གཏོང་སླད། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱིས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་ལ་མཉམ་འབྲེལ་གྱིས་བོད་ཀྱི་དམངས་ཁྲོད་རྩེད་རིག་གི་འགྲན་སྡུར་སྐབས་དང་པོ་བསྡུ་བའི་རིག་གནས་ལས་དོན་དེའི་འགན་འཁྲི་ཕྲག་ཏུ་བླངས་ཏེ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན། ཡུན་ནན། བོད་ལྗོངས་བཅས་ཀྱི་བོད་འབྲེལ་ས་ཁུལ་ཡོངས་ལ་ཁ་ཕྱོགས་ནས། བོད་ཀྱི་དམངས་ཁྲོད་རྩེད་རིག་སྒྱུ་རྩལ་ལ་སྤེལ་རེས་འགྲེམ་སྟོན་གྱི་སྟེགས་བུ་སྔ་ན་མེད་པ་ཞིག་གསར་ཏུ་བསྐྲུན་ཏེ། བོད་འབྲེལ་ས་གནས་ཁག་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་དམངས་ཁྲོད་རྩེད་རིག་དེ་ཕན་ཚུན་སྤེལ་རེས་དང་སློབ་སྦྱོང་། མཉམ་དུ་གྲ་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བ་དང་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དུས་རབས་གསར་པའི་བོད་འབྲེལ་ས་ཁུལ་སོ་སོའི་རྒྱ་ཆེའི་མང་ཚོགས་ཀྱི་ཡར་བརྩོན་ཡར་ཐོན་གྱི་ངང་ཚུལ་བཟང་པོ་མངོན་པར་སྟོན་པ་བཅས་ལ་དམིགས་ནས་ཆེད་དུ་བསྒྲུབས་པའི་རིག་གནས་རང་བཞིན་དང་མང་ཚོགས་རང་བཞིན། རྒྱུན་འཛིན་རང་བཞིན་ཆེས་ཆེར་མངའ་བའི་སྤྲོ་ཚོགས་རྨད་དུ་བྱུང་བ་ཞིག་རེད།

ཐེངས་འདིའི“དམེ་ཤུལ་ནགས་ཚལ་རྟགས་མའི”བོད་ཀྱི་རྩེད་རིག་འགྲན་སྡུར་སྐབས་དང་པོ་ལ། རང་ཞིང་གི་མཚོ་ཤར་གྲོང་ཁྱེར་གྱི་དཔའ་ལུང་རྫོང་དང་། ཞུན་ཧྭ་རྫོང་། ཧུའུ་ཀྲུའུ་རྫོང་། ལའོ་ཏུའུ་ས་ཁུལ་བཅས་དང་། མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་དང་གུང་ཧོ་རྫོང་། ཀོས་ནན་རྫོང་། ཞིན་ཧེ་རྫོང་། ཐུན་ཏེ་རྫོང་བཅས་དང་། མཚོ་བྱང་ཁུལ་ནས་མདོ་ལ་རྫོང་དང་མདའ་བཞི་རྫོང་། རྨ་ལྷོ་ཁུལ་ནས་རྩེ་ཁོག་རྫོང་དང་ཐུན་རིན་གྲོང་ཁྱེར། གཅན་ཚ་རྫོང་བཅས་དང་། ཀན་སུའུ་ཞིང་ཆེན་ནས་དཔའ་རིས་རྫོང་དང་བསང་ཆུ་རྫོང་། ཅོ་ནེ་རྫོང་། ཐེ་བོ་རྫོང་བཅས་བོད་འབྲེལ་རྫོང་ཁག་ཉི་ཤུ་ལྷག་ནས་དམངས་ཁྲོད་རྩེད་རིག་འོས་སྦྱོར་བྱས་ཡོད་པའི་ཁྲོད་ནས། འཁྲབ་ཁྲིད་ཚོགས་པས་ཐོག་མའི་དཔྱད་འདེམ་བྱས་པ་བརྒྱུད་དམངས་ཁྲོད་རྩེད་རིག་ཉེར་གཉིས་འགྲན་སྡུར་དངོས་ལ་ཚུད་པར་གྱུར་ཏེ་ཉིན་གཉིས་རིང་ལ་བསྐྱར་འགྲན་དང་རྟིང་རྩོད་འགྲན་སྡུར་རིམ་པ་བཞིན་བརྒྱུད་མཐར་ཞུན་ཧྭ་རྫོང་ཀ་རིང་ཞང་གི་འཁྲབ་སྟོན་རུ་ཁག་ལ་ཨང་དང་པོ་དང་། བསང་ཆུ་རྫོང་གི་བླ་བྲང་འཁྲབ་སྟོན་རུ་ཁག་དང་དཔའ་ལུང་རྫོང་གི་གསེར་གཞུང་འཁྲབ་སྟོན་རུ་ཁག་གཉིས་ལ་ཨང་གཉིས་པ། ཐུན་རིན་གྲོང་ཁྱེར་གྱི་བཙན་མོ་འཁྲབ་སྟོན་རུ་ཁག་དང་ཧོར་ནག་འཁྲབ་སྟོན་རུ་ཁག ཞུན་ཧྭ་རྫོང་གི་བིས་མདོ་འཁྲབ་སྟོན་རུ་ཁག་བཅས་ལ་ཨང་གསུམ་པའི་བྱ་དགའ་ཐོབ་ཡོད་པ་རེད།

“དམེ་ཤུལ་ནགས་ཚལ་རྟགས་མའི”བོད་ཀྱི་རྩེད་རིག་འགྲན་སྡུར་སྐབས་དང་པོའི་འགྲན་རིམ་ཆ་ཚང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་ཀྱི་སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་སོ་སོ་ནས་མི་འགྱངས་པར་སྤེལ་གཏོང་བྱ་རྒྱུ་ཡིན་ཅིང་། ད་ལོའི་ལོ་གསར་གྱི་སྐབས་སུ་ཨ་མདོ་བརྙན་འཕྲིན་འཕྲིན་ལམ་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་གཉིས་ནས་ཀྱང་གཏང་རྒྱུ་ཡིན་པས་རྒྱ་ཆེའི་ལྟ་མཁན་དང་ཉན་མཁན་ཡོངས་ནས་གསན་གཟིགས་གནང་རོགས་ཞུ།
