ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ལེགས་པོ་རྩོམ་པའི་བརྗོད་དོན་གཙོ་བོའི་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཞིང་ཆེན་ཚོང་དོན་ཐིང་གི་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོར། མཚོ་སྔོན་གྱིས་ཕྱི་ཕྱོགས་ཉོ་ཚོང་དང་སྒོ་འབྱེད་མཉམ་ལས། དེ་བཞིན། མཚོ་སྔོན་ནང་ཁུལ་གྱི་ཉོ་ཚོང་འཁོར་རྒྱུག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་བའི་ཕྱོགས་གཉིས་ལ་གཞིགས་ཏེ་སྒྲོག་སྤེལ་བྱས། ད་ལོར། རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་འོག་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས“གསོག་ཚད་བརྟན་པོར་གཏོང་བ་དང་། འཕར་ཚད་ཆེ་རུ་གཏོང་བ། བྱེད་པོ་སྐྱེད་སྲིང་། ཐབས་ལམ་རྒྱ་བསྐྱེད”བཅས་ཀྱི་བྱ་བའི་གཙོ་ཐིག་ལ་དམ་པོར་གཞིགས་ནས། དམིགས་གཏད་འགག་སྒྲོལ་དང་རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ཕྱི་ཚོང་དང་ཕྱི་དངུལ་གྱི་རྨང་གཞི་བརྟན་པོར་བཏང་སྟེ། མཚོན་རྟགས་རང་བཞིན་གྱི་ཐོད་བརྒལ་མང་པོ་བླངས།
མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཏང་ཙུའུ་ཁོངས་མི། ཐིང་ཀྲང་གཞོན་པ། དབྱང་ཞའོ་མུན་གྱིས་བཤད་རྒྱུར། ཟླ་དང་པོ་ནས་དགུ་པའི་བར་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་ཚད་སྒོར་ཐེར་འབུམ་ལྔ་ལ་སླེབས་པ་དང་། ཟླ9པར་ཕྱིར་གཏོང་ནང་འདྲེན་ཚད་སྒོར་དུང་ཕྱུར་དྲུག་བྱེ་བ་དྲུག་ལ་སླེབས་པ་དེ་ན་ནིང་གི་དུས་མཉམ་ལས22.7%འཕར། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་ཉོ་ཚོང་ཚད་སྒོར་དུང་ཕྱུར་གཉིས་བྱེ་བ་བཞིར་སླེབས་པ་དེ་ན་ནིང་གི་དུས་མཉམ་ལས་ལྡབ3འཕར། ཕྱི་ཚོང་ཁེ་ལས་འབྲིང་ཆུང་གི་མཉེན་ཤུགས་གང་ལེགས་ཀྱིས་མངོན་ཞིང་། ཁྲོམ་རའི་བྱེད་པོ་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ནས། ན་ནིང་གི་དུས་མཉམ་ལས་ཕྱིར་གཏོང་ནང་འདྲེན་གྱི་གྲུབ་འབྲས་དངོས་ཀྱི་ཁེ་ལས6མང་དུ་ཕྱིན། ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་གྲང་འཁྱག་སྔོ་ཚལ། འཁྱག་ཆུའི་ཉ། བསྲེས་ལྕགས་སོགས་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་ཚད་མགྱོགས་མྱུར་ངང་འཕར་ནས་ཕྱི་ཚོང་གི་ནང་གནས་སྒུལ་ཤུགས་མུ་མཐུད་དུ་མཐོར་འདེགས་བྱུང་།
མཚོ་སྔོན་ནང་ཁུལ་གྱི་ཉོ་ཚོང་འཁོར་རྒྱུག་ཐད། 《མཚོ་སྔོན་ཞིང་ཆེན་གྱི་ཚོང་དོན་འཕེལ་རྒྱས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”》ནང་བཏོན་པ་ལྟར་ན། 2030ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་འཚོང་བསྡོམས་འབོར་སྒོར་ཁྲག་ཁྲིག་གཅིག་ཐེར་ཆེན་གསུམ་ལས་བརྒལ་བ་དང་། དྲ་རྒྱའི་སིལ་འཚོང་དངུལ་འབོར་སྒོར་ཐེར་ཆེན་གཉིས་ལས་བརྒལ་བར་བརྩོན་ལེན་བྱ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་ཞབས་ཞུའི་འཛད་སྤྱོད་རྒྱ་སྐྱེད་ཀྱི་འགུལ་སྐྱོད་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་གི་འགུལ་སྐྱོད། ཚོང་དོན་ལས་གཉེར་བྱེད་པོའི་ཁྱབ་རྒྱ་ཆེ་རུ་གཏོང་བའི་འགུལ་སྐྱོད། སྲོལ་རྒྱུན་འཛད་སྤྱོད་ཀྱི་སྤུས་འདེགས་བཟོ་སྐྲུན། རྣམ་པ་གསར་བའི་འཛད་སྤྱོད་གསོ་སྐྱོང་ལས་གཞི་སོགས་ཀྱི“འགུལ་སྐྱོད་ཆེན་པོ་གསུམ་དང་ལས་གཞི་བཞི”བཅས་གཙོ་གནད་དུ་ལག་བསྟར་བྱ་རྒྱུ་ཡིན་ལ། འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། འཁོར་རྒྱུག་གི་ཕན་འབྲས་ཆེ་རུ་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས།