དམེ་ཤུལ་ནགས་ཚལ་རྟགས་མའི་བོད་ཀྱི་རྩེད་རིག་འགྲན་སྡུར་སྐབས་དང་པོའི་རྟིང་རྩོད་བདེ་བླག་ངང་མཇུག་བསྒྲིལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཚེས24ཉིན་གྱི་དགོང་མོར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྨྱན་སྦྱོར་ལྟེ་གནས་དང་ཀྲུང་གུང་རྩེ་ཁོག་རྫོང་ཏང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་དམེ་ཤུལ་ནགས་ཚལ་རྟགས་མའི་བོད་ཀྱི་རྩེད་རིག་འགྲན་སྡུར་སྐབས་དང་པོའི་རྟིང་རྩོད་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་དུ་བདེ་བླག་ངང་མཇུག་བསྒྲིལ།

ཐེངས་འདིའི་འགྲན་སྡུར་ནི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ལག་ལེན་ཐེངས་ཤིག་ཡིན་ཏེ། འགྲན་ཞུགས་རུ་ཁག་སོ་སོས་ཉིན་གསུམ་རིང་གྲ་སྒྲིག་ཞིབ་ཚགས་དང་འཁྲབ་སྟོན་ལེགས་པོ་བྱས་ཤིང་། དཔྱད་འདེམས་ཚོ་ཆུང་གིས་དྲང་བཞག་གི་དཔྱད་འདེམས་བྱས་པ་བརྒྱུད། མཐར་ཞུན་ཧྭ་ཀ་རིང་རུ་ཁག་གིས་བརྩམས་ཆོས་ཨང་དང་པོའི་བྱ་དགའ་བླངས་པ་དང་། ཀན་ལྷོའི་བསང་ཆུ་རུ་ཁག་སོགས་ཀྱིས་བརྩམས་ཆོས་ཨང་གཉིས་པའི་བྱ་དགའ་བླངས། ཐུན་རིན་བཙན་མོ་རུ་ཁག་གིས་བརྩམས་ཆོས་ཨང་གསུམ་པའི་བྱ་དགའ་བླངས།

ཐེངས་འདིའི་འགྲན་སྡུར་གྱིས་འགྲན་སྡུར་བརྒྱུད་ནས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་དང་། འགྲན་སྡུར་བརྒྱུད་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། འགྲན་སྡུར་བརྒྱུད་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔའི་རྩེད་རིག་རྒྱུན་འཛིན་གྱི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་པ་ཞིག་རེད་ལ། མི་རིགས་སོ་སོའི་བར་རིག་གནས་སྤེལ་རེས་དང་མཉམ་འདྲེས་བྱེད་པ། བརྩེ་འདང་ཟབ་མོ་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ཆགས་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།