མཐོ་སྒང་གི་སྟོན་སིལ་སྨིན་ཞིང་འབྲུ་མཛོད་འབྲུ་ཡིས་བཀང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

སྟོན་མཇུག་གི་དུས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོ་ལོ་ལེགས་དུས་ཚིགས་སུ་སླེབས་པ་དང་། སིལ་ར་ཡོངས་སུ་སིལ་ཏོག་ཀུ་ཤུ་དང་ལི་སོགས་ཀྱི་དྲི་ཞིམ་འཐུལ་ཞིང་། ཞིང་ཁའི་ལོ་ཏོག་ཡོངས་སུ་སྨིན་ནས་འཕྲུལ་ཆས་ཀྱིས་འབྲུ་རིགས་བསྡུ་བར་བྲེལ་ལ། ག་ས་གང་དུ་ཐོན་ལས་དར་ཞིང་མང་ཚོགས་འབབ་འཕར་གྱི་རྣམ་པས་ཁེངས་ཡོད།

ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལི་ཅཱ་ཧྲན་གྲོང་རྡལ་ཡ་ཐི་སྡེ་བའི་སྐྱེ་ཁམས་སིལ་སྡོང་ར་བ་རུ། ཡུག་སྦྲེལ་སིལ་སྡོང་སྟེང་གི་སིལ་ཏོག་ཡོངས་སུ་སྨིན་ཡོད་ལ། དམར་ལམ་ལམ་གྱི་ཀུ་ཤུ་དང་ཁ་ལ་ཞིམ་པའི་སིལ་ཏོག་ལི། སྨུག་མདོག་གི་ཞི་མེ་སོགས་ཀྱི་དྲི་ཞིམ་གང་སར་འཐུལ་ཡོད། གྲོང་མི་ཚོ་སིལ་རའི་ནང་སོང་ནས་སིལ་ཏོག་བཏོག་སྟེ་ལོ་ལེགས་ཀྱི་སྤྲོ་སྣང་མྱོང་ཆོག

ཉེ་བའི་ལོ་འགའི་རིང་། ཧོང་ཀྲུང་ཆུས་ཀྱིས་རྒྱུན་མཐུད་ངང་ཁྱད་ལྡན་ནགས་སིལ་འདེབས་འཛུགས་ལས་རིགས་དང་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་གཉིས་མཉམ་འདྲེས་གཏིང་ཟབ་བྱས་ནས། སྔ་གཞུག་ཏུ་སིལ་ཏོག་སྲན་མ་དང་དབྱར་དུས་ཀྱི་འབྲི་སེའུ་སོགས་གྲོང་ཁྱེར་ཉེ་འཁོར་གྱི་སིལ་ཏོག་བཏོག་པའི་རྟེན་གཞི་སྐོར་ཞིག་བསྐྲུན་ནས། མཐོ་སྒང་ཞིང་ཁའི་ཤིང་འབྲས་ཞིམ་པོ་དེ་གྲོང་གསེབ་དར་སྤེལ་བྱེད་པའི་ལམ་བར་གྱི་བདེ་སྐྱིད་ཤིང་འབྲས་སུ་ཏུ་འགྱུར་བར་བྱས།

ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལི་ཅཱ་ཧྲན་གྲོང་རྡལ་ཡ་ཐི་སྡེ་བའི་སྐྱེ་ཁམས་སིལ་སྡོང་ར་བའི་འགན་ཁུར་པ། ལི་ཅིན་ཡོན་གྱིས་བཤད་རྒྱུར།མིག་སྔར་བསྡོམས་པས་རིགས་སྣ་མི་འདྲ་བ་བཅུ་ལྷག་དང་སིལ་ཏོག་སྣ་ཉི་ཤུ་ལྷག་ཡོད། ལོ་རེའི་བཏོག་པའི་དུས་ཚོད་ཟླ་ལྔ་རིང་ཡོད་ལ། ཐོན་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཡོང་འབབ་ཀྱང་བརྟན་བརླིང་ངང་འཕར་སྣོན་བྱུང་ལ། ཐོན་ལས་ཀྱི་འཕེལ་རྒྱས་མདུན་ལྗོངས་ཧ་ཅང་བཟང་།

ཉིན་འདི་དག་ལ། མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་གི་ཀུ་ཤུ་བཏོག་པའི་དུས་སྐབས་བཟང་བོར་སླེབས་ཡོད་པ་དང་།  ཤིང་འབྲས་འདེབས་མཁན་ཚོ་སིལ་ཏོག་བཏོག་པ་དང་རིགས་དགར་བ། ཐུམ་རྒྱག་པའི་ལས་ལ་བྲེལ། ཞུན་ཧྭའི་ཀུ་ཤུ་ཁ་ལ་ཞིམ་པས་ཚོང་ཧ་ཅང་བྲིན་པ་དང་། ཐོན་ཚད་དང་ཕན་འབྲས་གཉིས་ཀ་ཧ་ཅང་བཟང་། ཉེ་བའི་ལོ་འགའི་རིང་ལ། ཞུན་ཧྭ་རྫོང་གིས་ཀུ་ཤུ་ཐོན་ལས་ནུས་ཤུགས་འདོན་ས་རུ་བྱས་ནས། རྒྱུན་མཐུད་ངང་ལག་རྩལ་ཞབས་ཞུ་ཇེ་དྲག་ཏུ་བཏང་བ་དང་ཉོ་ཚོང་ལམ་བུ་རྒྱ་བསྐྱེད་ལ། ཐོན་ལས་ཀྱི་མུ་ཕྲེང་རྒྱུན་བསྲིངས་ནས། ཀུ་ཤུ་ཐོན་ལས་གཞི་ཁྱོན་ཅན་དང་ཚད་གཞི་ཅན། སྤུས་རྟགས་ཅན་དུ་འཕེལ་རྒྱས་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་། 

མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་བྱང་རི་ཞང་གི་མུའུ་ཁྲི་ཡི་ཞོག་ཁོག་འདེབས་འཛུགས་རྟེན་གཞི་རུ། ཞོག་ཁོག་གི་ཞིང་ས་ཡུག་གཅིག་ཏུ་འབྲེལ་ཞིང་། སྡེ་དམངས་ཚོས་ནམ་ཟླ་ལེགས་པའི་གོ་སྐབས་དམ་འཛིན་བྱས་ནས་བཏོག་པ་དང་དབྱེ་འབྱེད་བྱེད་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་ལ། བྱང་རི་ཞང་གི་མཉམ་ལས་ཁང་གི་སྐུལ་ཁྲིད་བརྒྱུད་དེ། ཚད་གཞི་ཅན་གྱི་ཡུག་སྦྲེལ་འདེབས་འཛུགས་ལ་སྐུལ་འདེད་བཏང་ནས། སྲོལ་རྒྱུན་གྱི་ཞོག་ཁོག་ཐོན་ལས་དེ་མང་ཚོགས་འབབ་འཕར་ཕྱུག་བསྒྱུར་གྱི་ཀ་འདེགས་ཐོན་ལས་སུ་བསྒྱུར།

མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ། མཱ་ཞའོ་ལིན་གྱིས་བཤད་རྒྱུར། ཞོག་ཁོག་ནི་མིན་ཧོ་རྫོང་གི་ཐན་སྐམ་ས་ཁུལ་གྱི་དམངས་ཕྱུག་ཐོན་ལས་ཡིན་པ་དང་། རྫོང་ཡོངས་ཀྱི་འདེབས་འཛུགས་རྒྱ་ཁྱོན་མུའུ་འབུམ་གཅིག་དང་སྟོང་བཞི་ལ་ཉེ། མིག་སྔར། རྫོང་ཡོངས་ཀྱི་ཞོག་ཁོག་བརྒྱ་ཆའི་བརྒྱད་ཅུ་བསྡུས་ཚར་ཡོད། རྟེན་གཞིའི་སྐུལ་ཁྲིད་དང་མཉམ་ལས་ཁང་དང་མཉམ་འབྲེལ་བྱས་པ་བརྒྱུད་དེ། ཞོག་ཁོག་གི་ཐོན་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་དང་། རྒྱ་ཆེའི་འདེབས་འཛུགས་ཁྱིམ་ཚང་གི་ཡོང་འབབ་གཏན་འཇགས་ཡོང་བར་སྣེ་ཁྲིད་དེ། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་།

མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་ཀའོ་ལི་མུའུ་ཏི་གྲོང་རྡལ་ཧུང་ལིའུ་སྡེ་བའི་ཞོག་ཁོག་དང་ལ་ཕུག སྔོ་ཚལ་དང་ཤ་མོ་བཅས་ཀྱང་བཏོག་པའི་དུས་སུ་སླེབས་པ་དང་། སྡེ་མི་ཚོ་བཏོག་པ་དང་རླངས་འཁོར་ནང་འཇུག་པ། ཕྱིར་འཚོང་བཅས་ལས་ལ་བྲེལ་བཞིན་འདུག ཉེ་བའི་ལོ་འགའི་རིང་། ཧུང་ལིའུ་སྡེ་བས་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཞིང་ཁྱིམ་ཡོངས་བཅས་མཉམ་འབྲེལ་བྱེད་པའི་རྣམ་པ་བརྒྱུད་དེ། ཐོན་ལས་མུ་ཕྲེང་རྒྱུན་བསྲིངས་ནས། གྲོང་མིའི་ཚལ་སླེ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། སྡེ་དམངས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།