ཉེ་ཆར། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་རྩོམ་པའི’བརྗོད་དོན་ཕྲེང་བསྟར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི”ལས་ཞུགས་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་ཆེད་དོན་སྒྲོག་སྤེལ་ཚོགས་འདུ་ཚོགས་ནས། 《མཚོ་སྔོན་ཞིང་ཆེན་གྱི་ལས་ཞུགས་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་ཀྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”》འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།
མིག་སྔར《མཚོ་སྔོན་ཞིང་ཆེན་གྱིས་ལས་ཞུགས་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས“ལོ་ལྔའི་འཆར་འགོད་བཅོ་ལྔ་བ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད་དངོས་སུ་པར་འགྲེམས་བྱས། 《འཆར་འགོད》ལ་ཁྱོན་བསྡོམས་པས་དོན་ཚན30ཡོད་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་རིང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་མཛུབ་སྟོན་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་འབེན་གཙོ་བོ་བཅས་གཙོ་གནད་དུ་བཟུང་ནས་རྒྱས་བཤད་བྱས་ཡོད་པ་དང་། ཕྱོགས་བདུན་ནས་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་ཤིང་། སྡེ་ཁག་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྡེ་ཁག་གི་སྒྲིལ་ཤུགས་གཅིག་སྒྲིལ་བྱས་ཏེ། 《འཆར་འགོད》དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
བཅར་ལན། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཏང་ཙུའུ་ཧྲུའུ་ཅི། ཐིང་ཀྲང་། ཧུའུ་པིན། ཕོ་དར་མ།
《འཆར་འགོད》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་མངོན་འགྱུར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། མ་འོངས་པའི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ལས་དོན་གྱི་སྤྱིའི་བླང་བྱ་དང་། གཙོ་གནད་ལས་འགན། འགན་སྲུང་བྱེད་ཐབས་བཅས་གསལ་པོ་བཟོས་ཡོད་དེ། མཚོ་སྔོན་ཞིང་ཆེན་གྱི་མ་འོངས་པའི་དུས་སྐབས་ཤིག་རིང་གི་ལས་ཞུགས་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་རང་བཞིན་དང་། རྨང་གཞིའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཀྱི་ཡིག་ཆ་ཞིག་རེད།
《འཆར་འགོད》ནང་དཔལ་འབྱོར་འཕེལ་རྒྱས་དང་ལས་ཞུགས་རྒྱ་ཆེར་གཏོང་བ་ཕན་ཚུན་མཉམ་འདྲེས་བྱ་རྒྱུ་གཙིགས་སུ་བཟུང་སྟེ། ལས་ཞུགས་མཛའ་མཐུན་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཛུགས་པར་ཤུགས་བསྣན་ནས། ལས་ཞུགས་སྲིད་ཇུས་དེ་ནོར་སྲིད་དང་། ཐོན་ལས། དངུལ་གཏོང་སོགས་ཀྱི་སྲིད་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་རྒྱུ་དང་ཐོན་ལས“གནས་བཞི་”ཡི་སྤྱིའི་བཀོད་པ་འཛུགས་རྒྱུར་རྐང་ཚུགས་ནས། ཁྱད་ལྡན་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་ལས་ཞུགས་བར་སྟོང་མུ་མཐུད་དུ་རྒྱ་སྐྱེད། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཞི་ལྷོད་དུ་གཏོང་བར་ཤུགས་བསྣན་ནས། མི་ལ་མ་དངུལ་གཏོང་བ་རྒྱུན་འཁྱོངས་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་གི་ལས་ཞུགས་ཁྲིད་ཕྱོགས་ལ་ཤུགས་བསྣན་ཏེ། མི་ཤུགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ལ་ཤུགས་སྣོན། མི་དང་ལས་གནས་གནད་འཁེལ་ཟླ་སྒྲིག་ཡོང་བར་སྐུལ་འདེད་གཏོང་བ་གཙིགས་སུ་བཟུང་ཡོད།
《འཆར་འགོད》ནང་མིའི་དགོས་མཁོ་ལྟར་གནད་འཁེལ་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་གཙིགས་སུ་བཟུང་སྟེ། ལས་ཞུགས་ཤོང་ཚད་ཆེ་རུ་གཏོང་བ་དང་ལས་ཞུགས་སྤུས་ཚད་མཐོར་གཏོང་གཉིས་ཀ་མཉམ་འཛིན་བྱས་ནས། “ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཞང་། སྡེ་བ་”བཅས་རིམ་པ་ལྔའི་ཞབས་ཞུའི་དྲ་བ་ལེགས་འགྱུར་བྱས་ཏེ་མང་ཚོགས་ཀྱི་དགོས་མཁོ་སྣ་མང་ཅན་ལ་དམིགས་ནས། “གཞི་གྲངས་ཆེན་མོ་དང་གཞི་རིམ་བྱ་དངོས་སྒྲུབ་མཁན”བྱེད་ཐབས་བརྒྱུད། རིགས་སོ་སོའི་ངལ་རྩོལ་པས་སྒོ་འགྲམ་དང་ལག་ཐོགས་ཁ་པར་སྟེང་ནས་ལས་ཞུགས་སྲིད་ཇུས་དང་ཞབས་ཞུ་སྟབས་བདེའི་ངང་ལོངས་སྤྱོད་བྱེད་དུ་བཅུག ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་སྐུལ་མ་བྱེད་པ་དང་ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་ཤོང་ཚད་རྒྱ་བསྐྱེད་དེ། ལས་ཞུགས་གོ་སྐབས་སྔར་ལས་མང་བ་དང་གདམ་གསེས་སྔར་ལས་མང་བར་བྱས་ཡོད།