སློབ་གསོ་ཐིང་གིས“མི་ཐབས་རིག་ནུས་དང་སློབ་གསོའི”གསོ་སྦྱོང་ལྟ་སྦྱོང་བྱེད་སྒོ་སྤེལ་ནསAIནུས་ལྡན་སློབ་ཁྲིད་ཀྱི་ལག་ལེན་ཐབས་ལམ་འཚོལ་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10ཚེས21ཉིན། ཞིང་ཆེན་སློབ་གསོ་ཐིང་གིས་སྒྲུབ་པའི“མི་ཐབས་རིག་ནུས་དང་སློབ་གསོའི”གསོ་སྦྱོང་ལྟ་སྦྱོང་བྱེད་སྒོ་མཚོ་བྱང་ཁུལ་མུན་ཡོན་རྫོང་དུ་སྤེལ། 

བྱེད་སྒོའི་ཡུལ་དངོས་སུ། བརྙན་ཤེལ་ཆེན་མོསAIརིག་ནུས་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད་སྤེལ་རེས། རིག་ནུས་སློབ་ཁྲིད་ཞིབ་འཇུག་སོགས་མུ་ཕྲེང་ཧྲིལ་པོ་གྲངས་འཛིན་ཅན་གྱི་རྣམ་པ་དུས་ཐོག་ཏུ་འགྲེམས་སྟོན་བྱས་པ་དང་། མི་ཐབས་རིག་ནུས་ཀྱིས་སློབ་ཁང་གི་སློབ་ཁྲིད་དང་སློབ་གསོ་བཅོས་སྐྱོང་ལས་བྱུང་བའི་འགྱུར་ལྡོག་ཟབ་མོ་ཐད་ཀར་མངོན་པར་བྱས། ཡུལ་དངོས་སུ་ད་དུང་རྒྱལ་ནང་གི་དབང་གྲགས་སློབ་གསོའི་རིག་མཛོད་ཆེད་མཁས་པ་གདན་དྲངས་ནས་སྔོན་ཐོན་གྱི་སློབ་ཁྲིད་དཔེ་མཚོན་མཉམ་སྤྱོད་བྱས། 

ཟི་ལིང་གྲོང་ཁྱེར་ལྷོ་གཞོང་ནུབ་ལམ་སློབ་ཆུང་གི་དགེ་རྒན་མ་ཡའོ་ཧུང་གིས་བཤད་རྒྱུར། ཐེངས་འདིའི་བྱེད་སྒོ་བརྒྱུད་ནས་མི་ཐབས་རིག་ནུས་ཀྱི་ནུས་འདོན་སློབ་གསོ་ནི་མི་སྐྱེད་སྲིང་བྱེད་སྟངས་དང་སློབ་ཁྲིད་སྐྱེ་ཁམས་ཀྱི་མ་ལག་རང་བཞིན་གྱི་བསྐྱར་སྒྲིག་ཅིག་ཡིན་པའི་ངོས་འཛིན་སྔར་བས་གསལ་པོ་བྱུང་། མཚོ་སྔོན་གྱི་དོན་དངོས་ལ་རྐང་ཚུགས་ནས། ང་ཚོསAIབཀོལ་ནས་ས་ཁོངས་ལས་བྱུང་བའི་སློབ་གསོའི་ཁྱད་པར་སེལ་དགོས་པ་དང་། མཚོ་སྔོན་གྱི་སློབ་མ་རེ་རེའི་འཚར་ལོངས་ཀྱི་དགོས་མཁོར་ཕྱོགས་ནས། སྒོ་འབྱེད་སྟབས་བསྟུན་གྱི་མི་གཞི་སྐྱེད་སྲིང་བྱེད་ཐབས་བཏོད་དེ། གཞི་ཁྱོན་ཆེན་པོས་མི་རེའི་ཁྱད་ཆོས་ལ་གཞིགས་པའི་སློབ་ཁྲིད་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུར་ས་གནས་སོ་སོའི་སློབ་གསོའི་ལས་ཀ་བྱེད་མཁན་དང་སློབ་གྲྭའི་འཐུས་མིས་ལྟ་སྦྱོང་དང་ཟུང་འབྲེལ་བྱས་ནས། ས་གནས་སོ་སོའི་མི་ཐབས་རིག་ནུས་སློབ་གསོ་ཉེར་སྤྱོད་ཀྱི་ལག་ལེན་སྒྲུབ་སྟངས་ཕན་ཚུན་བརྗེ་རེས་བྱས་ཤིང་། མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་ཏེAIནུས་པའི་སློབ་ཁང་གི་ལག་ལེན་ཐབས་ལམ་ལ་གྲོས་བྱས་པ་དང་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་བསམ་ཕྱོགས་ལ་སློབ་སྦྱོང་བྱས། 

མིག་སྔར། ཞིང་ཆེན་རིམ་པའི་རིག་ནུས་སློབ་གསོའི་ལས་སྟེགས་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ་དང་། མི་ཐབས་རིག་ནུས་ཀྱི་ཀུན་ཤེས་སློབ་ཁྲིད་དེ་སློབ་གྲྭ་ཆུང་འབྲིང་ཚང་མར་ཁྱབ་ཡོད། “སློབ་ཁྲིད་གཅིག་ལ་ཞུགས་པ”སོགས་གྲངས་འཛིན་ཅན་གྱི་མཉམ་སྤྱོད་བྱེད་སྟངས་བརྒྱུད། སྤུས་ལེགས་སློབ་གསོའི་ཐོན་ཁུངས་རྒྱང་རིང་འབྲོག་ཁུལ་དུ་ཐོན་ནས་མཉམ་སྤྱོད་ཐུབ་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་གྲངས་འཛིན་ཅན་གྱི་འདེགས་སྐྱོར་མ་ལག་ཉིན་རེར་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།