རྒྱལ་ནང་གི་གློག་འདོན་ཚད་ཆེས་ཆེ་བའི་འགྱུར་མཚམས་ཉིས་བརྒལ་རྡོ་སོལ་གློག་འདོན་ལས་གཞིའི་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་པ་བྱུང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

​ཉེ་ཆར། རྒྱལ་ནང་གི་མཚོ་འཕགས་མཐོ་ཤོས་དང་གློག་འདོན་ཚད་ཆེས་ཆེ་བའི་འགྱུར་མཚམས་ཉིས་བརྒལ་རྡོ་སོལ་གློག་འདོན་ལས་གཞིའི་འཛུགས་སྐྲུན་ཏེ། མཚོ་སྔོན་ཧྭ་གློག་ན་གོར་མོའི་དུས་ཐེངས་དང་པོའི་གཉིས་སྒྱུར་ཀྲའོ་ཝ660MWཡི་སོལ་གློག་ལས་གཞིའི་ཁྲོ་ཐབ2པས་མེ་སྦར་ཐེངས་དང་པོ་ལེགས་གྲུབ་བྱུང་ནས། འཕྲུལ་ཚན2པ་དངོས་སུ་ཚ་རྣམ་སྙོམས་སྒྲིག་ཚོད་ལྟའི་དུས་མཚམས་གསར་པར་སླེབས་པ་མཚོན་ཞིང་། རྗེས་མཐུད་འཕྲུལ་ཚན་གྱི་དྲ་སྦྲེལ་ལ་རྨང་གཞི་བརྟན་པོ་བཏིང་།

ལས་གཞི་འདིའི་སྤྱིའི་དངུལ་གཏོང་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གསུམ་ཙམ་ཡོད་ཅིང་། འཆར་འགོད་ལྟར་ན་ཀྲའོ་ཝ660MWཅན་གྱི་འགྱུར་མཚམས་ཉིས་བརྒལ་བར་བརྒྱུད་རླངས་འཁྱགས་འཇིབ་ལེན་རྣམ་པའི་རྡོ་སོལ་འཕྲུལ་ཚན་གཉིས་འཛུགས་སྐྲུན་བྱེད་པ་དང་། ཆབས་ཅིག་ཏུ་མུ་ཟི་འདོན་པ་དང་། ཟེ་ཚྭ་འདོན་པ། གློག་རྡུལ་གཙང་སེལ་བཅས་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ་དང་། ཁོར་ཡུག་མཁའ་རླུང་སྦགས་བཙོག་དངོས་རིགས་འབུད་གཏོང་བྱེད་ཚད་དེ་ཆེས་དམའ་བའི་འབུད་གཏོང་ཚད་གཞིའི་བླང་བྱ་དང་མཐུན་དགོས། སྔོན་དཔག་ལྟར་ན་2026ལོའི་ལོ་མཇུག་ཏུ་ཐོན་སྐྱེད་བྱེད་འགོ་རྩོམ་པ་དང་། ཐོན་སྐྱེད་བྱེད་འགོ་བརྩམས་རྗེས་ལོ་རེའི་གློག་འདོན་ཚད་ཆུ་ཚོད་རེར་སྟོང་ཝ་ཐེར་འབུམ་དྲུག་ལ་སླེབས་རྒྱུ་རེད། མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་ལས་གཞི་ཡིན་པའི་ཆ་ནས། ལས་གཞི་འདི་འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས་མཚོ་སྔོན་གློག་དྲའི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པོས་ཇེ་ཆེར་གཏོང་བ་དང་། ས་གནས་ལ་བརྟན་བརླིང་དང་བློས་འགེལ་རུང་བའི་གློག་ཤུགས་འགན་སྲུང་མཁོ་འདོན་ཐུབ་པ་དང་། ཆབས་ཅིག་ཏུ་ནུས་ཁུངས་གསར་པའི་གཞི་ཁྱོན་ཆེ་བའི་དྲ་སྦྲེལ་དང་ལེན་འཛད་སྤྱོད་ཐད་འགག་རྩའི་འཚང་ཁ་ལེགས་སྒྲིག་གི་འདེགས་སྐྱོར་མཁོ་འདོན་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།