ཟླ10པའི་ཚེས22ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཟླ་ཟུང་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚོགས་ནས། “རྐང་གྲུག་ན་གཞོན་སྦྱོང་བརྡར་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས། མཚོ་སྔོན་གྱི་རྐང་གྲུག་དར་རྒྱས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར”དམིགས་ཏེ་གྲོས་མོལ་སྲིད་གླེང་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་གཏམ་བཤད། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁྲེང་ཅི་ཝུའེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཁོང་ཡུང་། ཝང་ཞོན། ཀྲང་ཞའོ་རུང་། ཐེན་ཁུའེ། མཱ་ཡུའེ་ཞང་བཅས་ཚོགས་འདུར་ཞུགས།
ཚོགས་ཐོག་ནས་ཝང་ཞོན་གྱིས་བརྗོད་དོན་སྙན་ཞུ་ཕུལ། ཚོགས་ཞུགས་འཐུས་མི8ཀྱིས་ན་གཞོན་སྦྱོང་བརྡར་ཚད་ལྡན་ཅན་གྱི་མ་ལག་འཛུགས་སྐྲུན་དང་མཐོ་སྒང་གི་རྐང་གྲུག་གྲོང་སྐྲུན་པ། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་སོགས་ཀྱི་ཐད་ནས་ཧུར་ཐག་སྒོས་བློ་འདོན་སྲིད་ཞབས་བྱས། ཚོགས་ཞུགས་མི་སྣས་མགྲིན་གཅིག་ཏུ་འདོད་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྐང་གྲུག་དར་རྒྱས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ས་ཁུལ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་རྒྱུན་མཐུད་ངང་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་འགན་ལེན་ལ་ཤུགས་སྣོན་པ། ལམ་སྲོལ་འཐུས་ཚང་དུ་གཏོང་བ། མཉམ་ཤུགས་གཅིག་སྒྲིལ་བཅས་བྱས་པར་བརྟེན། ཞིང་ཆེན་ཡོངས་ཀྱི་རྐང་གྲུག་ན་གཞོན་སྦྱོང་བརྡར་མ་ལག་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ་དང་། མཚོ་སྔོན་གྱི་གྲུག་གིས་རྒྱལ་ཡོངས་འགྲན་བསྡུར་ཁྲོད་རྣམ་པ་བཟང་པོ་མངོན་པར་མ་ཟད། འགྲོ་གྲོན་འགན་ལེན་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ན་གཞོན་གྱི་སྦྱོང་བརྡར་ཚད་གཞིའི་མ་ལག་འཐུས་ཚང་དུ་ཕྱིན་པ། ཆེད་ལས་དགེ་རྒན་གྱི་དཔུང་སྡེ་སྟོབས་ཆེར་འཕེལ་ཡོད་ལ། རིམ་པ་མཐུད་པའི་ལོ་ན་ཡོངས་ཀྱི་འགྲན་བསྡུར་མ་ལག་འཛུགས་པ་སོགས་ལ་དམིགས་ནས་གྲོས་འགོ་བཏོན།
ཁྲེང་ཅི་ཝུའེ་ཡིས་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས། གྲོས་མོལ་སྲིད་གླེང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ། རྒྱལ་ཁབ་ཀྱི་ལུས་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་དམིགས་འབེན་གྱི་མཐོ་ཚད་ནས་རང་རེའི་ཞིང་ཆེན་གྱིས་རྐང་གྲུག་བྱ་གཞག་དང་ན་གཞོན་སྦྱོང་བརྡར་ལས་དོན་འཕེལ་རྒྱས་གཏོང་བའི་དོན་སྙིང་གལ་ཆེན་ལ་གསལ་བཤད་ནན་མོ་བྱས་པ་དང་། རང་རེའི་ཞིང་ཆེན་གྱི་རྐང་གྲུག་ན་གཞོན་སྦྱོང་བརྡར་མ་ལག་འཛུགས་སྐྲུན་དང་མཐོ་སྒང་གི་རྐང་གྲུག་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་གྱི་བྱ་བའི་བསམ་གཞིགས་ངོ་སྤྲོད་བྱས།
མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྐང་གྲུག་ལས་དོན་དར་རྒྱས་གཏོང་རྒྱུ་དེ་རྩལ་འགྲན་ལུས་རྩལ་ཆུ་ཚད་མཐོ་རུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ།ན་གཞོན་ལོ་ཆུང་གི་ལུས་ཕུང་བདེ་ཐང་དང་འདུ་ཤེས་གཤིས་རྒྱུད་སྦྱོང་བརྡར་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། ན་གཞོན་ལོ་ཆུང་གི་ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བསྐྲུན་པའི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྐང་གྲུག་བྱ་གཞག་དང་ན་གཞོན་ལོ་ཆུང་གི་ལུས་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས། རྐང་གྲུག་གི་ན་གཞོན་སྦྱོང་བརྡར་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན་ཡོད། མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་ཀྱིས་ནུབ་རྒྱུད་ས་ཁུལ་གྱི་རྐང་གྲུག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་ནན་མོ་བྱས་ནས། མཐོ་སྒང་གི་ན་གཞོན་གྱི་སྦྱོང་བརྡར་ལྟེ་གནས་འཛུགས་སྐྲུན་དང་། ནུབ་རྒྱུད་ཚོད་ལྟ་དོན་འཁྱོལ་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ་འབྲེལ་མཐུད་ཧུར་ཐག་དང་རྒྱབ་སྐྱོར་བརྩོན་ལེན་བྱས་ཏེ། སྲིད་ཇུས་ཀྱི་ཁེ་ཕན་དེ་མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་ཕན་འབྲས་སུ་བསྒྱུར་དགོས། མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་རྐང་བཙུགས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་ན་གཞོན་གྱི་སྦྱོང་བརྡར་གྱི་ལྟེ་བའི་འགྲན་རྩོད་ནུས་པར་བསྒྱུར་ཏེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་རྐང་གྲུག་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་བསྐྱོད་དགོས། རྐང་གྲུག་ལུས་རྩལ་དང་འཇོན་མི་འཚར་ལོངས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ནས། སློབ་གྲྭའི་རྐང་གྲུག་ཁྱབ་གདལ་ལས་དོན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་སྦྱོང་བརྡར་ལ་དམ་འཛིན་ནན་མོ་བྱེད་པ། འཇོན་མིའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། སྡེ་ཁག་མང་པོས་མཐུན་སྦྱོར་མཉམ་འགུལ་དང་ཕྱོགས་གཅིག་སར་ཤུགས་འདོན་པའི་བྱ་བའི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་རྐང་གྲུག་གི་ན་གཞོན་སྦྱོང་བརྡར་མ་ལག་འཛུགས་སྐྲུན་ལ་མུ་མཐུད་རྗེས་སྙེག་དོ་ཁུར་བྱས་ནས། ཁ་གཏད་གྲོས་མོལ་དང་གྲོས་གཞི་སྒྲུབ་སྐུལ། དམངས་གཙོའི་ལྟ་སྐུལ་སོགས་འགན་འཁྲི་སྒྲུབ་པའི་གཞི་རྟེན་བེད་སྤྱོད་ཡག་པོ་བྱས་ཏེ། ཨུ་ཡོན་རྩ་འཛུགས་བྱས་ནས་འཐབ་ཕྱོགས་དང་པོར་རྟོག་ཞིབ་ནན་མོ་བྱེད་དང་། བདེན་གཏམ་མང་ཙམ་འདོན་པ། ཐབས་ཇུས་བཟང་པོ་མང་ཙམ་འདོན་པ་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་དཔྱད་གཞི་མཁོ་འདོན་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་མཐོ་སྒང་གི་རྐང་རྩེད་སྤོ་ལོ་དར་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་དགོས།